བོད་སྒར་ནང་ལུ་ ཟམ་མེདཔ་ལས་ སློབ་ཕྲུག་ཚུ་ རྐང་སྟོང་སྦེ་ འགྱོ་དོ་ཡོདཔ།

༉ སྐྱེས་ལོ་༧ ལང་མི་ སློབ་ཕྲུག་སྐལ་བཟང་སྒྲོལ་མ་དེ་ ཉིན་བསྟར་བཞིན་དུ་ དུས་ཡུན་ཆུ་ཚོད་༢ ལྷགཔ་ཅིག་ མོ་ར་དཔེ་ཆ་བལྟ་སའི་ སྐུ་བཞུགས་ཅན་སློབ་གྲྭ་ཚུན་ཚོད་  རྐང་སྟོང་སྦེ་ མོ་རའི་ཕམ་གིས་ སྐྱེལ་ལེན་འབད་དོ་ཡོདཔ་ད་ བུམོ་དེ་ སློབ་གྲྭ་ནང་ལས་ ཁྱིམ་ནང་ལྷོདཔ་ད་ འུ་སྡུག་ནི་དེ་གིས་ གཉིད་ཐལ་དོ་ཡོདཔ་ཨིན་པས།

དེ་བཟུམ་རྐང་སྟོང་སྦེ་ འགྱོ་ནི་དེ་ ཟླཝ་༢ དེ་ཅིག་ ལང་དོ་ཡོདཔ་ཨིན་པས།

སྤྱི་ཟླ་༢ པའི་ནང་ ལྕགས་ཟམ་དེ་ བཤུབ་བཏང་པའི་ཤུལ་ལས་  བོད་སྒར་ནང་ལས་ཕར་སྡོད་མི་ སློབ་ཕྲུག་༢༠ དེ་ཅིག་ཡོད་མི་ཚུ་ སློབ་གྲྭ་ནང་ སྐོར་ལམ་བདའ་སྟེ་ འགྱོ་དགོ་དོ་ཡོདཔ་ཨིན་པས།

སྤྱི་ཟླ་༣ པ་དང་༤ པའི་བར་ན་ ས་གནས་དེ་ནང་ སྡོད་མི་ཚུ་གིས་  ལམ་སེལ་ལས་ཁུངས་ཀྱི་ རྒྱབ་སྐྱོར་ཐོག་ལུ་  གནས་སྐབས་ཀྱི་ ཤིང་ཟམ་རྐྱབ་ཡོད་མི་དེ་ ལག་ལེན་འཐབ་ཡོད་རུང་  གནམ་བྱཱར་གྱི་ དུས་ཚོད་འགོ་བཙུགསཔ་ཅིག་ ཤིང་ཟམ་དེ་ འཕྱགས་བདའ་ཡོདཔ་ཨིན་མས།

སྤྱི་ལོ་༡༩༨༥ ལུ་རྐྱབ་ཡོད་མི་  ལྕགས་ཟམ་དེ་གི་ ལྗིད་ཚད་མེ་ཊིག་ཊཱན་༢༠ འབག་ཐེག་མིའི་ཚབ་ལུ་ ལྗིད་ཚད་མེ་ཊིཀ་ཊཱན་༧༠ འབག་ཐེག་མི་ ལྕགས་ཁྲམ་གྱི་ཟམ་ནི་སྦེ་ཨིནམ་ད་ ཟམ་དེ་མ་བསྒྲུབ་ཚུན་ གནས་སྐབས་ཅིག་གི་དོན་ལུ་ ལྕགས་ཀྱི་རྐང་ཟམ་ཅིག་ དུས་ཅི་ སྤྱི་ཟླ་༥ པའི་ནང་འཁོད་ རྐྱབ་དགོཔ་ཨིན་རུང་ ད་ལྟོ་ཡང་རྐྱབ་མ་ཚ་བར་ཡོདཔ་ལས་ ས་གནས་འདེ་ནང་ སྡོད་མི་ཚུ་ལུ་ ཚ་གྱང་ཅན་ཅིག་ལུ་གྱུར་ཡོདཔ་ཨིན་མས།

ད་རུང་ ས་གནས་ཀྱི་ མི་ཚུ་གིས་ སླབ་མིའི་ནང་ སློབ་གྲྭ་དང་ རྒེད་འོག་ཡིག་ཚང་ དེ་ལས་ གསོ་བའི་མཐུན་རྐྱེན་ལྟེ་བ་ཚུ་ག་ར་ ཐིམ་ཆུའི་ཕར་ཁ་འབདཝ་ལས་ ཟམ་དེ་ ཁོང་གི་དོན་ལུ་ ཁག་ཆེ་ཤོས་ཨིནམ་བཞིན་དུ་ གནས་སྐབས་ཀྱི་ ཟམ་རྐྱབ་མ་ཚརཝ་ལས་ ཧེ་མའི་ཟམ་དེ་ བཤུབ་བཏང་ཡོདཔ་ལས་  ཧེ་མ་ དུས་ཡུན་ཐུང་ཀུ་ཅིག་ནང་ལྷོད་སར་ ད་ལྟོ་ ལྷོད་མ་ཚུགས་པའི་ དཀའ་ངལ་ཡོད་ཟེར་ཨིན་མས།

ཨིན་རུང་ ཅང་རྟ་སྒང་ལུ་ སྤྲིང་ཟམ་ཅིག་ ཡོད་མི་གུ་ལས་ ཨ་ལོ་ཚུ་ སློབ་གྲྭ་ནང་ འགྱོ་དོ་ཡོདཔ་ད་ སྤྲིང་ཟམ་དང་ བོད་སྒར་ནང་གི་བར་ན་ ཀི་ལོ་མི་ཊར་༤  ཡོདཔ་མ་ཚད་ སློབ་གྲྭ་ཁ་ཐུག་ལུ་ དུས་ཡུན་སྐར་མ་༢༠ དེ་ཅིག་ ལམ་འགྱོ་དགོ་དོ་ཡོདཔ་ཨིན་པས།

དྲོ་པ་ཆུ་ཚོད་༦.༣༠ ལས་འགྱོཝ་ད་ ཆུ་ཚོད་༨.༢༠ ལུ་མ་གཏོགས་ སློབ་གྲྭ་ནང་ ལྷོད་མི་ཚུགས་དོ་ཡོདཔ་ལས་ ཨ་ལོ་ཚུ་ སློབ་ཁང་ནང་ལྷོདཔ་ད་ འུ་སྡུག་པའི་ཤུགས་ཀྱིས་ དཔེ་ཆ་ལྷབ་ནི་ལུ་ སེམས་ཤུགས་བསྐྱེད་མི་ཚུགས་པས་ཟེར་ སློབ་ཕྲུག་ཚུ་གིས་ ཉོགས་བཤད་བཀོདཔ་ཨིན་པས།

ཐིམ་ཕུག་ལུང་ཕྱོགས་ལམ་སེལ་ཡིག་ཚང་གི་ བཟོ་རིག་འགོ་དཔོན་གཙོ་འཛིན་ ཕྱག་རྡོར་རྒྱལ་མཚན་གྱིས་ སླབ་མིའི་ནང་ གནས་སྐབས་ཀྱི་ ལྕགས་ཟམ་དོན་ལུ་ ཧེ་མ་ལས་ གྲ་སྒྲིག་བཟོ་ཡོད་པའི་  ལྕགས་ཁྲམ་ཚུ་ རྒྱ་གར་ཀཱོལ་ཀ་ཊ་ལས་ ཟླཝ་༢ ཀྱི་ནང་ཁོད་ལུ་ ལྷོད་ཚུགས་པའི་ རེ་བ་ཡོད་ཟེར་བའི་གནས་ཚུལ།

པདྨ་ཆོས་སྐྱིད།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *