མོང་སྒར་བོང་སྡེ་མ་བཟོ་གྲྭའི་ས་ཁོངས།

བོང་སྡེ་མ་བཟོ་གྲྭའི་ས་ཁོངས་ནང་ ས་ཚན་ཚུ་ བགོ་བཀྲམ་འབད་རན་ཁར་ ལྷོད་ཡོདཔ།

༉ ད་ལྟོ་ཚུན་ཚོད་ སག་ལང་སྟེ་ བསྒུགས་སྡོད་མི་ མོང་སྒར་བོང་སྡེ་མ་བཟོ་གྲྭའི་ས་ཁོངས་ནང་ ས་ཚན་ཚུ་ ཧ་ལམ་ བགོ་བཀྲམ་འབད་རན་ཁར་ ལྷོད་ཡོདཔ་ཨིན་པས།
ལས་འགུལ་འཛིན་སྐྱོང་པ་ ཀརྨ་གཡང་སྐྱིད་ཀྱིས་ སླབ་མིའི་ནང་ བཟོ་གྲྭའི་ས་ཁོངས་དོན་ལུ་ ཐོག་ཚད་༤ འབད་མི་ ཡིག་ཚང་གི་སྒྲིང་ཁྱིམ་དང་ བཟའ་ཚང་༨ ཤོང་མི་ ལས་གཡོག་པའི་སྒྲིང་ཁྱིམ་ སྲུང་རྒྱབ་པའི་ཉལ་ཁྱིམ་ མོ་རི་ཆུ་གུ་ལས་ཟམ་དང་ འཁོར་ལམ་ དེ་ལས་ འཐུང་ཆུ་བཀྲམ་སྤེལ་གྱི་ལཱ་ཚུ་ མཇུག་བསྡུ་ཡོད་པའི་ཁར་ ནང་ན་མཐུད་སྦྲེལ་འཁོར་ལམ་ཁག་༤ ཡོད་ས་ལས་ ལམ་དང་པ་དང་༢ པ་ ཧ་ལམ་ མཇུག་བསྡུ་རན་ཁར་ལྷོད་དེ་ཡོད་ཟེར་ཨིན་པས།
མོ་གིས་ བཤད་མིའི་ནང་ འཁོར་ལམ་༣ པ་དང་༤ པ་དང་ ད་ལྟོ་ བཟོ་སྐྲུན་འབད་བའི་བསྒང་ཡོདཔ་ད་ ས་ཚན་ཚུ་ འཕྲལ་མགྱོགས་ར་ བགོ་བཀྲམ་འབད་ནིའི་དོན་ལུ་ གྲ་སྒྲིག་འབད་བའི་བསྒང་ཡོད་ཟེར་ ཨིན་པས།
དེ་ཡང་ ས་ཁོངས་ནང་ གཞི་རྟེན་མཁོ་ཆས་ བཟོ་སྐྲུན་གྱི་ལཱ་ཚུ་ ཧ་ལམ་མཇུག་བསྡུཝ་མི་དང་འཁྲིལ་ བསྟན་རྒྱས་ལྷན་ཁག་འོག་གི་ བཟོ་གྲྭ་འཕྲུལ་ཁང་ལས་ཁུངས་ཀྱིས་ དང་འདོད་ཅན་གྱི་མི་ངོམ་ཚུ་གི་དོན་ལུ་ ཞུ་ཡིག་བཙུགས་ནིའི་དོན་ལུ་ དུས་ཅི་ སྤྱི་ཟླ་༦ པའི་ཚེས་༡༡ ལས་ སྤྱི་ཟླ་༧ པའི་ཚེས་༡༣ ཚུན་ དུས་ཡུན་ཟླཝ་ལྷགཔ་ཅིག་གི་རིང་ དུས་ཚོད་བྱིན་པའི་སྐབས་ མི་༢༠ དེ་ཅིག་གིས་ མོང་སྒར་ལུང་ཕྱོགས་བཟོ་གྲྭ་འཕྲུལ་ཁང་ཡིག་ཚང་ནང་ ཞུ་ཡིག་བཙུགས་ཡོདཔ་ཨིན་པས།
ཞུ་ཡིག་ཚུ་ཡང་ རྩལ་རྐྱབ་ས་དང་ ཤོག་གུ་བཟོ་ཁང་ རྩི་སའི་པག་ཅུ་ སྣུམ་འཁོར་འཁྱུ་ཁང་ དེ་ལས་ ཤིང་ཆས་བཟོ་ཁང་ལ་སོགས་པ་ཚུ་ གཞི་བཙུགས་འབད་ནིའི་ དང་འདོད་བཀོད་ཡོདཔ་ད་ ལུང་ཕྱོགས་ཡིག་ཚང་གིས་ ཡིག་ཆས་ཚུ་ལེན་པའི་ཤུལ་ལས་ བཟོ་གྲྭ་འཕྲུལ་ཁང་ལས་ཁུངས་ལུ་ ཆ་འཇོག་གི་དོན་ལུ་ བཏང་ཡོདཔ་ཨིན་པས།
ལས་འགུལ་འཛིན་སྐྱོང་པ་གིས་ སླབ་མིའི་ནང་ ཞུ་ཡིག་ཚུ་ ཤུལ་མའི་བདུན་ཕྲག་ནང་ བཟོ་གྲྭའི་ས་ཆ་བགོ་བཀྲམ་ཚོགས་ཆུང་ནང་ བསྐྱར་ཞིབ་དང་ཆ་འཇོག་གི་དོན་ལུ་ བཙུགས་ནིའི་འཆར་གཞི་ཡོདཔ་ལས་ དེ་གི་ཤུལ་ལས་ གནས་སྐབས་ཅིག་གི་ གླར་སྤྱོད་ས་ཆ་བགོ་བཀྲམ་བཀའ་རྒྱ་ གནང་འོང་ཟེར་ཨིན་པས།
དེ་གི་ཤུལ་ལས་ གནང་བ་ཐོབ་མི་ཚུ་ལུ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་དང་ འབྲུག་གློག་མེ་ལས་འཛིན་ལ་སོགས་པའི་ འབྲེལ་ཡོད་ལས་འཛིན་ཚུ་ལས་ དགོས་མཁོ་ཅན་གྱི་ཡིག་ཆས་ཚུ་ ལེན་ནིའི་དོན་ལུ་ ཟླཝ་༦ བྱིན་ནི་ཨིན་པས།
ཤར་ཕྱོགས་རྫོང་ཁག་མི་སེར་ཚུ་གི་ དཔལ་འབྱོར་གནས་སྟངས་ ཡར་དྲག་གཏང་ནིའི་རེ་བ་ཡོད་མི་ བཟོ་གྲྭའི་ས་ཁོངས་ཀྱི་དོན་ལུ་ ས་ཆ་ཨེ་ཀར་༡༡༠ ལྷགཔ་ཅིག་ཡོདཔ་ད་ གཡས་ལས་ཀུ་རི་ཆུ་དང་ གཡོན་ལས་ མོ་རི་ཆུ་༢ ཀྱི་སྦུག་ལུ་ དཔལ་ཐང་ཅིག་ནང་ མཛེས་ཏོག་ཏོ་སྦེ་ མཐོངམ་ཨིན་པས།
འཆར་གཞི་ཨམ་དང་འཁྲིལཝ་ད་ བཟོ་གྲྭའི་ས་ཁོངས་དེ་ནང་ ས་ཚན་༡༣༤ ཡོདཔ་ད་ ལས་སྣ་ཁག་༥ ཡོད་ས་ལས་ དྲིསི་༢༤ ལས་༢༥ གི་བར་ན་འབད་མི་ ས་ཚན་༩ དེ་ ས་གཏེར་དང་འབྲེལ་བའི་འཕྲུལ་ཁང་དང་ དྲིསི་༡༣ དང་༣༣ བར་ན་འབད་མི་ས་ཚན་༥༩ ནགས་ཚལ་དང་འབྲེལ་བའི་བཟོ་གྲྭ་འཕྲུལ་ཁང་ ས་ཆ་ཌིས་༡༦ དང་༣༠ བར་ན་འབད་མི་ ས་ཚན་༣ དེ་ སྣུམ་འཁོར་ཞབས་ཏོག་གི་དོན་ལུ་དང་ ཌིས་༩ དང་༣༠ བར་ན་འབད་མི་ ས་ཚན་༣༢ དེ་ ཀེ་བའི་ཁ་ཟས་དང་ སྲིབ་བཟོ་ས་ལ་སོགས་པའི་ བཟོ་གྲྭ་འཕྲུལ་ཁང་ཆུང་རིམ་ཚུ་གི་དོན་ལུ་ བགོ་བཀྲམ་འབད་ཡོདཔ་ཨིན་པས།
ཨིན་རུང་ ལས་འགུལ་འཛིན་སྐྱོང་པ་ ཀརྨ་གཡང་སྐྱིད་དང་འཁྲིལཝ་ད་ འཆར་གཞི་ཨམ་ནང་ ས་ཚན་ཤོག་ཁྲམ་བཟོ་བའི་སྐབས་ ཕོག་ཚད་གུ་བཀལ་ཏེ་འབད་ཡོདཔ་ལས་ ལོག་ཤོག་ཁྲམ་བཟོཝ་ད་ ས་ཚན་གྱི་གྱངས་ཁ་ལུ་ བསྒྱུར་བཅོས་འོང་ཟེར་ཨིན་པས།
ས་ཚན་ཚུ་ དང་འདོད་ཅན་གྱི་མི་ངོམ་ཚུ་གི་ ཚོང་གི་གྲོས་འདེབས་དང་ དགོས་མཁོ་དང་འཁྲིལ་ བགོ་བཀྲམ་འབད་བའི་སྐབས་ ཡང་ཅིན་ཡར་སེང་དང་ ཡང་ཅིན་ མར་འབབ་འགྱོ་འོང་ཟེར་ཨིན་པས།
མོང་སྒར་ལུང་ཕྱོགས་ཚོང་དང་བཟོ་གྲྭ་འཕྲུལ་ཁང་གི་ ལུང་ཕྱོགས་མདོ་ཆེན་ངོ་ཚབ་ ཀརྨ་ཚེ་དབང་རིག་འཛིན་གྱིས་ སླབ་མིའི་ནང་ ཞུ་ཡིག་བཙུགས་མི་ དང་འདོད་ཅན་གྱི་མི་ངོམ་ཚུ་གིས་ ས་ཚན་ཚུ་ ནམ་བགོ་བཀྲམ་འབད་འོང་ག་ཟེར་ འཕྲལ་འཕྲལ་ར་ དྲི་ནི་འདུག་ཟེར་ཨིན་པས།
དེ་མ་ཚད་ ད་ལྟོ་ རྒྱལ་པོ་ཞིང་ལུ་ སྒེར་སྡེའི་ས་ཁར་ རྩི་ས་པག་ཅུ་བཟོ་མི་ཅིག་གིས་ གནས་སྐབས་ཅིག་ སའི་ཇོ་བདག་དང་ཅིག་ཁར་ མ་འགྲིགཔ་འཐོན་པའི་ཤུལ་ལས་ ཐད་ཀར་དུ་ གནས་སྐབས་ཀྱི་དོན་ལུ་ བཟོ་གྲྭའི་ས་ཁོངས་ནང་ ས་ཚན་ཅིག་དགོ་པའི་སྐོར་ལས་ ཞུ་བ་ལྷོད་དེ་ཡོད་མི་དེ་ ལས་ཁུངས་ལས་ གནང་བ་ལུ་སྒུག་སྟེ་ཡོད་ཟེར་ཨིན་པས།
ཀརྨ་གཡང་སྐྱིད་ཀྱིས་ བཤད་མིའི་ནང་ ས་ཚན་ཚུ་ མཐུད་སྦྲེལ་འབད་མི་འཁོར་ལམ་དེ་ བཟོ་སྐྲུན་གྱི་ལཱ་ཡང་ ཤུལ་ལས་ ཁག་འབག་ལུ་སྤྲོད་ནིའི་འཆར་གཞི་ཡོདཔ་ད་ གཞི་རྟེན་མཐུན་རྐྱེན་ལྷག་ལུས་བཟོ་སྐྲུན་གྱི་ལཱ་དང་ དང་འདོད་ཅན་གྱི་ ཞུ་ཡིག་ཐེབས་བཙུགས་མི་ཚུ་ལུ་ ས་ཚན་བགོ་བཀྲམ་གྱི་ལཱ་ཚུ་ སྟབས་གཅིག་ཁར་འབད་ནི་ཟེར་ཨིན་པས།
བཟོ་གྲྭའི་ས་ཁོངས་དེ་ འཆར་གཞི་༡༢ པའི་ནང་ ཧྲིལ་བུམ་བསྒྲུབ་ཚུགས་པའི་ དམིགས་གཏད་བསྐྱེད་དོ་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *