ཟམ་མེདཔ་ལས་ འཁོར་ལམ་ལག་ལེན་འཐབ་མ་ཚུགས་པར་ཡོདཔ་ཨིན་མས།

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས།

ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ ག་སྒར་དཀར་གཤོང་ སེམས་སྦྱིས་ཀྱི་མི་ཚུ་ རྒེད་འོག་ནང་འོང་པའི་སྐབས་ ད་རེས་བཟུམ་སྦེ་ ཀྲོང་གསར་ལས་བསྐོར་ཏེ་ འོང་དགོཔ་མི་འཐོན་ནི་ཨིན་པས།

རྒེད་འོག་ལྟེ་བ་དེ་ བེམ་སྦྱིས་ལུ་ཨིནམ་ལས་ མི་ཚུ་ རྒེད་འོག་ནང་འོང་པའི་སྐབས་ རྐང་སྟོང་འབད་འོང་པ་ཅིན་ དང་ཕུ་གི་ལམ་ཡོདཔ་ཨིན་རུང་ ལམ་དེ་ ཆུའི་མཐའམ་བདའ་སྟེ་ཨིནམ་ལས་ གནམ་བྱཱར་པདཔ་དང་ སྦུལ་ དེ་ལས་ རི་དྭགས་སེམས་ཅན་ཚུ་གི་ ཉེན་ཁ་ཡོདཔ་ད་ སྣུམ་འཁོར་ནང་འོང་པ་ཅིན་ ཀྲོང་གསར་བརྒྱུད་དེ་ འོང་དགོཔ་ལས་ དུས་ཡུན་ལེ་ཤ་འགོར་དོ་ཡོད་པའི་ཁར་ སྣུམ་འཁོར་གྱི་གླ་ཆ་ཡང་ མང་སུ་སྤྲོད་དགོཔ་ཨིན་པས།

བསྐོར་ལམ་བསལ་ནི་དེ་ སྤང་དཀར་གཤོང་བསྐོར་ལམ་ཟེར་ རྒྱ་གར་གཞུང་གིས་ དངུལ་ཀྲམ་ས་ཡ་༢༠ རྒྱབ་སྐྱོར་འབད་ཐོག་ལས་ བེམ་སྦྱིས་རྒེད་འོག་གི་ལྟག་ལས་ འགོ་བཙུགས་ཏེ་བསལ་ཡོདཔ་ད་ སྤང་བོང་ཟམ་ཚུན་ ད་ལྟོ་ ལམ་ཀི་ལོ་མི་ཊར་༡ དེ་ཅིག་ རྡོ་ཞིབ་འབད་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།

ནུབ་སྦིས་རྒཔོ་ ཨྱོན་བསྟན་འཛིན་གྱིས་ སླབ་མིའི་ནང་ བསྐོར་ལམ་མཐུད་སྦྲེལ་འབད་དགོ་མི་དེ་ཡང་ ཆུ་ཕར་ཁའི་ སྤྱི་འོག་༢ ཀྱི་མི་སེར་ཚུ་ ཆུའི་ཚུར་ཁར་ཨིན་མི་ རྒེད་འོག་ཡིག་ཚང་ནང་ འོང་པའི་སྐབས་ ལམ་ཐག་རིང་བའི་ དཀའ་ངལ་བསལ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།

དེ་མ་ཚད་ ཆུའི་ཕར་ཁ་དང་ ཚུར་ཁར་ མཐུད་སྦྲེལ་འབད་བའི་ཤུལ་ལས་ མི་ཚུ་རྒེད་འོག་ནང་ ལཱ་ཡོད་པའི་སྐབས་ ཧེ་མ་ ཉིནམ་༡ དེ་ཅིག་འགོར་མི་དེ་ དུས་ཡུན་ཆུ་ཚོད་༡ དེ་ཅིག་ནང་ ལཱ་མཇུག་བསྡུ་ཚུགས་པའི་ ཁེ་ཕན་འོང་ཟེར་ཨིན་པས།

རྒེད་འོག་བདག་སྐྱོང་གིས་ གཞུང་ལུ་ འཁོར་ལམ་མཐུད་སྦྲེལ་འབད་དགོ་པའི་ གྲོས་འབུལ་ཕུལ་ཡོདཔ་བཞིན་དུ་ གཞུང་གིས་ཡང་ ངོས་ལེན་འབད་དེ་ རྒྱབ་སྐྱོར་གནང་ཡོདཔ་ཨིན་པས།

ག་སྒར་དཀར་གཤོང་གི་ཚོགས་པ་ སྐལ་བཟང་འགྱུར་མེད་ཀྱིས་ སླབ་མིའི་ནང་ ཆུའི་ཕར་ཚུར་༢ ལས་ འཁོར་ལམ་དེ་ ཆུའི་མཐའ་མ་ཚུན་ བསལ་ཡོདཔ་བཞིན་དུ་ ཟམ་བཟོ་སྐྲུན་འབད་དགོཔ་ཡོདཔ་ད་ ཟམ་རྐྱབ་པའི་ཤུལ་ལས་ མི་ཚུ་ རྒེད་འོག་ནང་འགྱོ་ནི་དང་ གཡུས་ཚན་ཕར་ཚུར་འགྱོ་ནི་ དེ་ལས་ ན་ཚ་རྐྱེན་ཤི་རེ་འབྱུང་པའི་སྐབས་ལུ་ཡང་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ཚུགས་ཟེར་ཨིན་པས།

ད་རེས་ ཆུའི་ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ནང་འགྱོ་བའི་སྐབས་ སྣུམ་འཁོར་ནང་ ལམ་ཀི་ལོ་མི་ཊར་༦༠ དེ་ཅིག་ བསྐོར་འགྱོ་དགོཔ་ད་ ཟམ་བཟོ་སྐྲུན་འབད་བ་ཅིན་ ག་སྒར་དཀར་གཤོང་ལས་ ཀི་ལོ་མི་ཊར་༡༥ ལྷགཔ་ཅིག་ནང་ ལྷོད་ཚུགས་ཟེར་ཨིན་པས།

དེ་མ་ཚད་ ཡུ་ལིང་ལས་ མང་སྡེ་ཕུག་ཚུན་ སོ་ནམ་ཞིང་ལམ་གུ་ རྡོ་ཞིབ་འབད་དོ་ཡོདཔ་ལས་ སྣུམ་འཁོར་ཚུ་ གནམ་བྱཱར་དགུན་མེད་པར་ འགྲོ་འགྲུལ་འབད་ཚུགས་ནི་དང་ ཟམ་ཡོད་པ་ཅིན་ རྒེད་འོག་ཚུན་ འགྲོ་འགྲུལ་འབད་རུང་ ལམ་གྱི་དཀའ་ངལ་མེདཔ་ལས་ ཟམ་དེ་ འཕྲལ་མགྱོགས་རྐྱབ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།

རྒཔོ་ཨྱོན་བསྟན་འཛིན་གྱིས་ སླབ་མིའི་ནང་ ཟམ་བཟོ་སྐྲུན་འབད་ནི་དེ་ འཆར་གཞི་༡༢ པའི་ནང་ མ་ཚུད་རུང་ མི་སྡེ་ལུ་ཁག་ཆེཝ་ལས་ འཆར་ལོ་༢༠༢༡ དང་༢༠༢༢ ནང་བཙུགས་དགོ་པའི་ ཞུ་བ་ཕུལ་ཡོདཔ་མ་ཚད་ འཆར་དངུལ་གྱི་ རྒྱབ་སྐྱོར་འཐོབ་པའི་ རེ་བ་ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ རྒེད་འོག་གི་ མི་སེར་ཚུ་གི་དོན་ལུ་ ཅ་ཆས་དང་མཁོ་ཆེ་བའི་ མཐུན་རྐྱེན་ཚུ་ བགོ་བཀྲམ་འབད་དགོ་པ་ཅིན་ གཡུས་ཚན་ཚུ་ མང་སྡེ་ཆུའི་ ཕར་ཁ་དང་ཚུར་ཁ་ཡོདཔ་ལས་ ཅ་ཆས་ཚུ་ དང་པ་ ཀྲོང་གསར་ལུ་ བསྐྱལ་ཞིནམ་ལས་ བགོ་བཀྲམ་འབད་དགོ་པའི་ དཀའ་ངལ་ཡོདཔ་ད་ གལ་སྲིད་ ཟམ་དེ་བཟོ་སྐྲུན་འབད་བ་ཅིན་ ཅ་ཆས་ཚུ་ རྒེད་འོག་ལྟེ་བའི་ནང་ལས་ བགོ་བཀྲམ་འབད་དེ་ སྟབས་བདེ་ཏོག་ཏོ་འགྱོ་འོང་ཟེར་ཨིན་པས།

བེམ་སྦྱིས་ལས་ དབང་འདུས་ཀྱིས་ སླབ་མིའི་ནང་ བསྐོར་ལམ་བསལ་མི་ལུ་བརྟེན་ ཧེ་མ་ ཞིང་ཁར་ལས་ རེད་དང་ སོ་ནམ་གྱི་ ཐོན་སྐྱེད་ཚུ་ མི་ཚུ་གིས་ འབག་བསྐྱལ་དགོཔ་ཨིན་རུང་ ད་རེས་ སྣུམ་འཁོར་ཚུ་གིས་ སྐྱེལ་འདྲེན་འབད་དོ་ཡོདཔ་ལས་ ཕན་ཐོགས་སྦོམ་བྱུང་ཡི་ཟེར་ཨིནམ་ད་ ཟམ་བཟོ་སྐྲུན་འབད་བ་ཅིན་ ཆུའི་ཕར་ཁར་ ལཱ་འཐོན་པའི་སྐབས་ འགྱོ་ནི་ལུ་ཡང་ སྟབས་བདེ་ནི་མས་ཟེར་ཨིན་པས།

རྒེད་འོག་གི་ ལས་བྱེདཔ་ཚུ་ཡང་ ཆུའི་ཕར་ཁ་ལུ་ ལཱ་འཐོན་པའི་སྐབས་ དང་ཕུ་གི་ རྐང་ལམ་བདའ་འགྱོ་དགོཔ་ལས་ དཀའ་ངལ་ཡོད་པའི་ཁར་ བསྐོར་ཏེ་འགྱོ་དགོ་པ་ཅིན་ ཀྲོང་གསར་ལས་འགྱོ་དགོ་ནི་དེ་གིས་ ལམ་ཐག་རིངམོ་ཡོདཔ་ཨིན་པས།

འཆི་མེད་རྡོ་རྗེ་གིས་ སླབ་མིའི་ནང་ ད་རེས་ ལམ་རྐྱངམ་གཅིག་ ཆུའི་མཐའ་མ་ཚུན་ བསལ་ནི་དེ་གིས་ ཕན་ཐོགས་མེད་ཟེར་ཨིནམ་ད་ ཟམ་བཟོ་སྐྲུན་འབད་ནིའི་ འཆར་དངུལ་མེད་རུང་ ཤུལ་ལས་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།

མི་ཚུ་གིས་ བཤད་མིའི་ནང་ གཡུས་ཚན་ཚུ་ ཁྲོམ་ཁ་ལས་ ས་ཐག་རིང་སར་ཨིནམ་ལས་ བསྐོར་ལམ་དེ་ མཇུག་བསྡུ་བ་ཅིན་ སོ་ནམ་ཐོན་སྐྱེད་ཚུ་ བཙོང་པར་འབག་ནིའི་དོན་ལུ་ སྟབས་བདེ་ཏོག་ཏོ་ འབྱུང་ཚུགས་ཟེར་ ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

ཆུའི་གཙོ་རིམ་ལས་འགུལ་ལུ་བརྟེན་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ བུམ་ཐང་ ཨུ་ར་རྒེད་འོག་ སྟངས་སི་སྦིས་སྤྱི་འོག་གི་ མི་སེར་ཚུ་ ཟླཝ་༣ གྱི་རྒྱབ་ལས་ ཨ་རྟག་བཟུམ་སྦེ་ ཆུའི་དཀའ་ངལ་མི་འབྱུང་ནི་ཨིན་མི་དེ་ཡང་ ཆུའི་གཙོ་རིམ་ལས་འགུལ་འོག་ གཞུང་དང་བདེ་སྲུང་མཉམ་འབྲེལ་ཐོག་ ཞིང་ཆུ་དང་འཐུང་ཆུའི་ལས་འགུལ་ འགོ་བཙུགས་ནི་དེ་གིས་ཨིན་པས། ཁ་ཙ་ ལས་འགུལ་གྱི་ …

Leave a Reply

Your email address will not be published. Required fields are marked *