༉ བདུན་ཕྲག་༢ ཀྱི་རིང་ ལྷུན་རྩེ་ མཁོ་མ་སློབ་གྲྭ་ཆུང་བའི་ ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ འགོ་འདྲེན་འཐབ་མི་ གནམ་བྱཱར་གྱི་ ཕུཊ་བཱོལ་འགྲན་བསྡུར་དེ་ ཁ་ཙ་ མཐའ་བཅད་རྩེད་འགྲན་འབད་བའི་སྐབས་ བོ་ར་དར་ཧུཌ་ ཡུ་ནའེ་ཊེཌ་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
དེ་ཡང་བོ་རོ་དར་ཧུཌ་ ཡུ་ནའེ་ཊེཌ་དང་ རྫོང་ཁག་བདག་སྐྱོང་ལས་ དེའུསི་སྡེ་ཚན་༢ ཀྱི་བར་ན་ མཐའ་བཅད་རྩེད་འགྲན་འབད་བའི་སྐབས་ བོ་ར་དར་ཧུཌ་ ཡུ་ནའེ་ཊེཌ་གིས་ གཱོལ་༣ བཙུགས་ཏེ་ རྒྱལ་ཁ་ཐོབ་པའི་སྐབས་ སྡེ་ཚན་གཞན་མི་གིས་ གཱོལ་༢ ལས་བརྒལ་ བཙུགས་མ་ཚུགསཔ་ཨིན་པས།
མི་སེར་བརྒྱ་ལས་བཅད་དེ་ ལྟདམོ་ལྟ་བར་འོང་མི་ཚུ་གིས་ རང་སོའི་སྡེ་ཚན་ལུ་ རྒྱབ་སྐྱོར་འབད་ཡོདཔ་ལས་ སྤྲོ་བ་རྒྱ་ཆེ་དྲགས་སྦེ་བྱུང་ཡོད་པའི་ཁར་ རྩེད་འགྲན་པ་ཚུ་གིས་འབད་རུང་ རྒྱལ་ཡོངས་ཕུཊ་བཱོལ་རྩེད་འགྲན་འབད་མི་ཚུ་བཟུམ་སྦེ་ རིག་རྩལ་བཏོན་ཏེ་ དོ་འགྲན་འབད་ནི་དེ་གིས་ སེམས་དགའ་ནུག།
ལྷག་པར་དུ་ དུས་ཡུན་ཚང་ནི་ལུ་ སྐར་མ་༡༠ ལུ་ སྡེ་ཚན་༢ ཆ་རའི་ཧོངས་ལས་ གཱོལ་༢ འདྲན་འདྲ་བཙུགས་ཡོདཔ་ལས་ ལྟདམོ་ལྟ་མི་ཚུ་གིས་འབད་བ་ཅིན་ དུས་ཐེབས་རྩེད་འགྲན་འབད་རུང་ བཏུབ་ནི་མས་ཟེར་ རེ་བ་བསྐྱེད་ཡོད་རུང་ དུས་ཡུན་ཚང་ནི་ལུ་ སྐར་མ་༣ གུ་ལྷོདཔ་ད་ བོ་ར་དར་ཧུཌ་ ཡུ་ནའེ་ཊེཌ་གིས་ གཱོལ་༡ བཙུགས་ཡོདཔ་ལས་ བྱང་ཕྱད་སྡེ་ཚན་གྱིས་ དོ་འགྲན་འབད་མ་ཚུགས་པས།
རྩེད་འགྲན་འགོ་འདྲེན་འཐབ་མི་ རྫོང་ཁག་རྩེད་རིགས་ཚོགས་པ་གིས་ ཨང་དང་པ་ཐོབ་མི་ སྡེ་ཚན་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༤༠,༠༠༠ དང་ ཨང་༢ པ་ལུ་ དངུལ་ཀྲམ་༢༥,༠༠༠ བྱིན་ཡོད་པའི་ཁར་ རྟགས་པ་ཚུ་ཡང་ བྱིན་ནུག།
རྫོང་ཁག་ནང་འཁོད་ཀྱི་ གནམ་བྱཱར་གྱི་ ཕུཊ༌བཱོལ་རྩེད་འགྲན་ འགོ་འདྲེན་འཐབ་མི་དེ་ འགོ་དང་པ་ཨིནམ་བཞིན་དུ་ སྡེ་ཚན་༡༣ གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པའི་གནས་ཚུལ།
མོང་སྒར་ལས་ བཀྲིས་ཕུན་ཚོགས།

ཁ་ཙ་ མཐའ་བཅད་རྩེད་འགྲན་ནང་ལས་ ཨང་དང་པ་ཐོན་མི་ བ་དར་ཧུཌ་ ཡུ་ནའེ་ཊེཌ་སྡེ་ཚན།