བུུམོ་ཅུང་ཅིག་ལུ་ དབང་བཙོང་འདོད་སྤྱོད་དང་དམར་བསད་འབད་བའི་ཤུལ་ལས་ མི་ཚུ་ལུ་འཇིགས་སྣང་།

༉ སྤ་རོའི་ས་མཚམས་མཆོད་རྟེན་དང་ དེ་གི་ཉེ་འདབས་ཀྱི་ མི་སེར་ཚུ་ འཕྲལ་ཁམས་ཅིག་ཁར་ སློབ་ཕྲུག་ཨ་ལོ་བུམོ་ཅིག་ དབང་བཙོང་ལུས་འབྲེལ་དང་ དམར་བསད་འབད་མི་ལུ་བརྟེན་ འཇིགས་སྣང་ཅན་གྱི་ གནས་སྟངས་ནང་ སྡོད་དགོཔ་བྱུང་ནུག།
སྐྱེས་ལོ་༢༨ ལང་མི་ ཞི་བ་གླིང་ཟ་ཁང་གི་ལས་བྱེདཔ་ བདེ་ཆེན་དབང་མོ་དེ་ བྱ་ངན་བྱུང་པའི་ཉིན་མར་ སློབ་གྲྭ་ནང་ལས་ མོ་རའི་བུམོ་ལེན་པར་ འགྱོ་བའི་སྐབས་ ཚེ་འདས་བུམོ་ཅུང་དེ་ཡང་ གྱོན་ཆས་ཚུ་ ཆུ་གིས་སྦངམ་སྦེ་ འཁོར་ལམ་གྱི་ཟུར་ཁར་སྡོད་སར་ མཐོང་ཡོདཔ་ད་ དེ་བསྒང་ ཨང་རྒས་ཅིག་དང་ ཁྲིམས་སྲུང་འགག་པ་ཅིག་གིས་ ལས་བྱེདཔ་མོ་ར་ ས་མཚམས་མཆོད་རྟེན་ཁ་ཐུག་ལུ་འགྱོཝ་ད་ བུམོ་དེ་ཡང་ འཁྱིད་དགོཔ་སྦེ་སླབ་ལས་ མོ་གིས་ མོ་རའི་སྣུམ་འཁོར་ནང་ བཙུགས་འབག་ཡོདཔ་ཨིན་པས།
ས་མཚམས་མཆོད་རྟེན་གྱི་ ལམ་རྒྱ་གྲམ་ནང་ལྷོདཔ་ད་ ཉམས་རྒུདཔ་བུམོ་གིས་ མོ་ར་ དེ་ཁ་ལས་ འཐོན་ནི་ཟེར་སླབ་ལས་ མོ་གིས་ཡང་ བུམོ་དེ་གི་ལགཔ་བཤད་དེ་ འཁོར་ལམ་སྐེད་པ་བཏོག་སྟེ་ འགྱོ་ནི་ལུ་ ཆ་རོགས་འབད་ཡོདཔ་ད་ འགྲོ་འགྲུལ་འབད་བའི་སྐབས་ ཚེ་འདས་བུམོ་དེ་གིས་ སྣུམ་འཁོར་ནང་ན་ ཁ་དེ་ཅིག་ སླབ་ནི་མེད་པའི་ཁར་ གདོང་གི་དགའ་འཛུམ་ སྟོན་ས་ཡང་ མ་མཐོང་ཟེར་ མོ་གིས་ སླབ་ཨིན་པས།
མོ་གིས་འབད་བ་ཅིན་ དེ་བསྒང་ ལཱ་གལ་གནད་ཅན་ཅིག་ལུ་བརྟེན་ མོ་ཁྲོམ་ཁར་འགྱོ་དགོཔ་ ཐོན་ཡོདཔ་ལས་ ཉམས་རྒུདཔ་སྡོད་སའི་ཁྱིམ་ཚུན་ བསྐྱལ་མ་ཚུགས་མི་ལུ་ བློ་འགྱོད་སྦོམ་ཡོད་ཟེར་ཨིནམ་ད་ མོ་གིས་ ཁྱིམ་ཚུན་ བསྐྱལ་ཡོད་པ་ཅིན་ ཚེ་འདས་ལུ་ བྱ་ངན་དེ་བཟུམ་ མ་བྱུངམ་འོང་ཟེར་ཨིན་པས།
ཕྱི་རུ་ ཚེ་འདས་ཀྱི་ཕུངམ་ འགོ་དང་པ་མཐོང་མི་ མོ་གི་རྨགཔ་གིས་ སླབ་མིའི་ནང་ ཁོ་ར་ འགྲུལ་འཕྲིན་གྱི་ མེ་ལག་ལེན་འཐབ་སྟེ་ འཚོལ་བར་འགྱོཝ་ད་ ཕུངམ་མཐོངམ་ཅིག་ ཨ་ལོ་དེ་ རོ་ཁྱི་གིས་ སོ་བཏབ་འདྲས་མནོ་སྟེ་ དྲནམ་ལྷོད་ནིའི་དོན་ལུ་ གཟུགས་ཁར་ཨེབ་ནི་སྦེ་ རྐངམ་གཡསཔ་ལས་བཤེད་དེ་འཐེནམ་ད་ རྐངམ་ཁོད་སི་སི་ཐལ་སོ་ནུག་ཟེར་ཨིན་པས།
བདེ་ཆེན་དབང་མོའི་བུམོ་ སྐྱེས་ལོ་༧ ལང་མི་དེ་ ཚེ་འདས་སློབ་ཕྲུག་དང་གཅིག་ཁར་ སློབ་རིམ་ཅིག་ནང་ ལྷབ་དོ་ཡོདཔ་ད་ སློབ་ཕྲུག་བུམོ་དེ་གིས་ སླབ་མིའི་ནང་ མོ་གི་ ཆ་རོགས་ཀྱིས་ སློབ་ཁང་ནང་ ཁ་དེ་ཅིག་ སླབ་ནི་མེདཔ་ལས་ འཕྲལ་འཕྲལ་ར་ བུཚ་ཆ་རོགས་ཚུ་གིས་དཀྲོགསཔ་ད་ སྔུ་ནི་ཡོད་རུང་ སྒྲིག་གོ་ཚུ་ ཧིང་སངས་ས་སྦེ་ གྱོན་ཏེ་འོང་ནི་ཡོད་ཟེར་ཨིན་པས།
བདེ་ཆེན་དབང་མོ་དང་ བཟའ་ཚང་ཚུ་ ཕྱི་རུའི་ཆུ་ཚོད་༧.༤༩ དེ་ཅིག་ཁར་ ཕྱི་རུའི་ལྟོ་ཟ་སྡོདཔ་ད་ སློབ་གྲྭའི་སློབ་དཔོན་ཅིག་གིས་ མོ་ལུ་ འགྲུལ་འཕྲིན་བཏང་སྟེ་ མོ་གིས་ ཁྱིད་འགྱོ་མི་ ཨ་ལོའི་མིང་དྲིཝ་ད་ ཨ་ལོ་དེ་ཨིནམ་ཤེས་ཏེ་ དེ་འཕྲོ་ལས་ འཚོལ་ནིའི་ནང་ ཆ་རོགས་འབད་བར་ སོང་ཡོདཔ་ཨིན་པས།
ཕུངམ་མཐོང་པའི་འོག་ལུ་ མཆོད་རྟེན་གྱི་ ཉེ་འདབས་ལུ་ ཚོང་ཁང་བཙུགས་སྡོད་མི་ སྐྱེས་ལོ་༣༩ ལང་མི་ ལྷཔ་སྒྲོལ་མ་གིས་ སླབ་མིའི་ནང་ བྱ་ངན་དེ་ སེམས་ཕམ་སི་སི་ཨིན་པའི་ཁར་ འཇིགས་སྣང་ཅན་ཅིག་ཨིནམ་ལས་ ས་གནས་དེ་ འདྲོག་སི་སི་ཅིག་ལུ་གྱུར་ཏེ་ཡོད་ཟེར་ཨིན་པས།
མོ་གིས་ ད་རེས་སྐབས་ཅིག་ལས་ ཚོང་ཁང་ཡང་ ཧ་སག་སྒོ་བསྡམས་ཐོག་ལས་ ཁྱིམ་ནང་ན་ འཛུལ་སྡོད་དོ་ཡོདཔ་མ་ཚད་ ཕུངམ་མཐོང་སའི་ ས་ཁོངས་ནང་ འགྱོ་མ་ཚུགས་པར་ཡོད་ཟེར་ བཤདཔ་ཨིན་པས།
ད་རུང་ ཕུངམ་མཐོང་སའི་ལྟག་ལུ་ སྡོད་མི་དེ་ སྐྱེས་ལོ་༤༧ ལང་མི་ ཉི་མ་ཨིནམ་ད་ ཁོ་ར་ བྱ་ངན་བྱུང་པའི་ཚེ་ ཞིང་ནང་ལཱ་འབད་སྡོད་ཡོདཔ་ལས་ ས་ཁོངས་དེ་ནང་ བྱ་ངན་བྱུང་པ་ཅིན་ མཐོང་མཐོངམ་འོང་སྲིད་ནི་ཨིན་རུང་ བྱ་ངན་དེ་ གཞན་ཁར་འབད་བའི་ཤུལ་ལས་ ཕུངམ་དེ་ནང་ བཀོག་བཏང་བཏངམ་ འོང་ནི་མས་ཟེར་ བཤདཔ་ཨིན་པས།
ཕྱི་རུའི་ཆུ་ཚོད་༤ ཚུན་ ཁོ་ར་ ས་ཁོངས་དེ་ནང་ར་ སྡོད་ཡོདཔ་མ་ཚད་ དེ་ཚེ་ མི་ཡང་མང་སུ་སྦེ་ འགྲོ་འགྲུལ་འབད་སར་ མཐོང་ཡོདཔ་བཞིན་དུ་ ཁོ་ལཱ་འབད་ས་དང་ ཕུངམ་མཐོང་ས་དེ་ གྱང་རྩིག་གིས་ བར་བཅད་དེ་ཡོདཔ་ལས་ ལྟག་ལས་བལྟཝ་ཅིག་ མཐོང་ཚུགས་པས།
ཕུངམ་མཐོང་སའི་ ས་ཁོངས་ནང་འགྱོ་མི་ ག་ར་གིས་ སླབ་མིའི་ནང་ བྱ་ངན་དེ་ དེ་ནང་འབད་བའི་ རྟགས་མཚན་ག་ནི་ཡང་མིན་འདུག་ཟེར་ཨིནམ་ད་ གཞན་ཅིག་གིས་ སླབ་མིའི་ནང་ བྱ་ངན་དེ་ མི་དག་པ་ཅིག་གིས་ འབད་བའི་དོགས་པ་ཡོད་མི་དེ་ཡང་ ས་ཁོངས་དེ་ནང་ ཆུ་ལྷམ་ཡ་ཅིག་ཡང་ བཀོག་བཞག་ནུག་ཟེར་ཨིན་པས།
བྱ་ངན་དེ་ལུ་བལྟ་སྟེ་ དབུགས་འགམ་མི་ ཉི་མ་གིས་ དེ་བཟུམ་མའི་ བྱ་ངན་འབད་མི་ཚུ་ མིའི་གདོང་ཁར་སྟོན་ཏེ་ ངོ་ཚ་རིལ་རི་བཟོ་དགོཔ་འདུག་ཟེར་ བཤད་པའི་ཁར་ མ་འོངས་པ་ལུ་ བྱ་ངན་འདི་བཟུམ་འབད་མི་ མི་འཐོན་ནིའི་དོན་ལུ་ ཐབས་ཤེས་བཏོན་དགོཔ་འདུག་ཟེར་ བཤདཔ་ཨིན་པས།
ཚེ་འདས་བུམོ་དེ་ མོ་རའི་ཨའི་གི་ ཆ་རོགས་ཀྱི་ཁྱིམ་ནང་ སྡོད་དོ་ཡོདཔ་ལས་ ཕུངམ་བཞག་ས་མེད་པར་ ས་ཁོངས་དེ་ནང་ར་ ཞག་ཅིག་བཞག་ཡོདཔ་ཨིན་པས།
བྱ་ངན་དེ་ལུ་ ཁྲིམས་སྲུང་འགག་པ་གིས་ དོགས་ཅན་དག་པ་ཅིག་ འཛིན་བཟུང་འབད་ཡོད་རུང་ ད་ལྟོ་ ཞིབ་དཔྱད་འབད་དོ་ཟེར་ཨིནམ་ད་ ཚེ་འདས་དེ་ དབང་བཙོང་ལུས་འབྲེལ་འབད་དེ་ དམར་བསད་འབད་ནུག་ཟེར་ཨིན་པས།
ཚེ་འདས་ཀྱི་ཨའི་དེ་ འབྲུག་རྒྱལ་ལས་ཨིན་རུང་ རྨགཔ་དང་གཅིག་ཁར་ ཡ་བྲལ་སོང་སྟེ་ མོ་རའི་ཆ་རོགས་དང་གཅིག་ཁར་ སྡོད་ཡོདཔ་ད་ བྱ་ངན་དེ་ཡང་ སྤྱི་ཟླ་༩ པའི་ཚེས་༡༩ ལུ་ བྱུང་ཡོད་པའི་གནས་ཚུལ།

སྤ་རོ་ལས་ བཀྲིས་བསྟན་འཛིན།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *