བུཚ་ཅིག་ གནས་སྟངས་ཚབས་ཆེན་ཐོག་ལུ་ ཐིམ་ཕུག་གཙོ་བསྟེན་སྨན་ཁང་ནང་བསྐྱལ་ཡོདཔ།

༉ སྤྱི་ཟླ་༣ པའི་ཚེས་༩ ལུ་ བསམ་གྲུབ་ལྗོངས་མཁར་ བསམ་གྲུབ་ཆོས་གླིང་ལུ་ སྐྱེས་ལོ་༧ ལང་མི་ བུཚ་ཅིག་ སྣུམ་འཁོར་གུ་ལས་ རྦོབ་རིལ་བའི་སྐབས་ མགུ་ཏོ་ཤུགས་སྦེ་བརྡུང་ནི་དེ་གིས་ གནས་སྟངས་ཚབས་ཆེན་ཡོདཔ་ལས་ གནམ་གྲུ་ཧེ་ལི་ཀོབ་ཊར་ནང་སྦེ་ ཐིམ་ཕུག་རྒྱལ་ཡོངས་གཙེ་བསྟེན་སྨན་ཁང་ནང་ བསྐྱལ་ཡི།

བྱུང་རྐྱེན་དེ་ སྤྱི་ཟླ་༣ པའི་ཚེས་༩ གི་ ཉིན་མའི་ཆུ་ཚོད་༡༢ དེ་ཅིག་ཁར་ ཉམས་རྒུདཔ་བུཚ་དང་ ཆ་རོགས་༢ སློབ་གྲྭ་ནང་ལས་ ལོག་ཁྱིམ་ནང་འགྱོ་བའི་སྐབས་ལུ་ བྱུང་ཡོདཔ་ད་ ཉམས་རྒུདཔ་དེ་ ཕུན་ཚོགས་ཐང་འབྲིང་རིམ་སློབ་གྲྭ་བར་མའི་ བློ་གསར་སློབ་རིམ་གྱི་ སློབ་ཕྲུག་ཨིན་པས།

གནས་ཚུལ་བཤད་མི་ཚུ་དང་འཁྲིལཝ་ད་ ཉམས་རྒུདཔ་དང་ ཆ་རོགས་བུཚ་༢ ཀྱིས་ འབྲུག་གློག་མེ་ལས་འཛིན་གྱི་ སྣུམ་འཁོར་ཅིག་བཀག་སྟེ་ འཛུལ་འོང་ཡོདཔ་བཞིན་དུ་ དེད་གཡོགཔ་དེ་གིས་ ཁོང་བུཚ་༣ བསྟན་སྲུང་དམག་སྡེའི་ དམག་སྒར་ནང་འགྱོ་སའི་ ལམ་རྒྱ་གྲམ་ལུ་ བཏོན་བཞག་ནུག་ཟེར་ཨིན་པས།

དེད་གཡོགཔ་དེ་གིས་ ཁོང་བུཚ་༣ བཏོན་བཞག་པའི་ཤུལ་ལས་ ལོག་སོང་ཡོད་རུང་ ཉམས་རྒུདཔ་དང་ ཆ་རོགས་བུཚ་༢ ཀྱིས་ སྣུམ་འཁོར་གྱི་ རྒྱབ་ཁ་ལས་འཛེགས་ནིའི་ དཔའ་བཅམ་པའི་སྐབས་ རྦོབ་རིལ་ཡོདཔ་བཞིན་དུ་ ཁོང་༣ ལགཔ་འགྱེལ་ཏ་རྐྱབ་མི་ལུ་བརྟེན་ རྦོབ་རིལ་ཡོད་པའི་ དོགས་པ་ཡོད་ཟེར་ཨིན་པས།

གནས་ཚུལ་བཤད་མི་ཚུ་གིས་ ན་ ཉམས་རྒུདཔ་གི་ ཆ་རོགས་༢ པོ་དེ་ལུ་ རྨ་སྐྱོན་དུམ་གྲ་རེ་ བྱུང་ཡོད་རུང་ ཉམས་རྒུདཔ་དེ་ མགུ་ཏོ་ཤུགས་སྦེ་བརྡུང་མི་ལུ་བརྟེན་ དེ་འཕྲོ་ལས་ ཉིན་མའི་ཆུ་ཚོད་ཕྱེད་དང་༡ དེ་ཅིག་ཁར་ བསམ་གྲུབ་ཆོས་གླིང་དྲུང་ཁག་སྨན་ཁང་ནང་ བསྐྱལ་ནུག་ཟེར་ཨིན་པས།

ཌོག་ཊར་ཨ་བི་ནཤ་ལེ་གོའི་གིས་ སླབ་མིའི་ནང་ ཉམས་རྒུདཔ་གི་ མགུ་ཏོ་ཕྱི་ཁར་ རྨ་སྐྱོན་ག་ནི་ཡང་མེད་རུང་ གནས་སྟངས་ཚབས་ཆེན་སྦེ་ སྨན་ཁང་ནང་ འབག་འོང་དེས་ཟེར་ཨིནམ་ད་ མགུ་ཏོ་ཤུགས་སྦེ་བརྡུང་ནི་དེ་གིས་ ནང་ན་རྨ་སྐྱོན་བྱུང་ཡོད་པའི་ དོགས་པ་ཡོད་ཟེར་ཨིན་པས།

ཌོག་ཊར་ཚུ་གིས་ སི་ཊི་སི་ཀེན་གློག་པར་རྐྱབ་ཞིནམ་ལས་ སྨན་བཅོས་ཚུ་ འགོ་བཙུགས་འོང་ཟེར་ ཌོག་ཊར་ཨ་བི་ནཤ་ལེ་གོའི་གིས་ བཤདཔ་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *