བུཚ་ཅིག་གིས་ ཕོ་སྐྱེས་ཅིག་གུ་ གྱི་གསོབ་སྟེ་ བསད་ཡོད་པའི་དོགས་པ།

༉ ཐིམ་ཕུག་ལྕམ་སྒང་ལུ་ སྐྱེས་ལོ་༡༦ ལང་མི་ བུཚ་ཅིག་གིས་ སྐྱེས་ལོ་༢༤ ལང་མི་ ཕོ་སྐྱེས་ཅིག་ལུ་ གྱི་གསོབ་བྱིན་མི་ལུ་བརྟེན་ ཤི་རྐྱེན་བྱུང་ཡོད་པའི་ ཁ་ཉེས་བཀལ་ནུག།
དེ་ཡང་ སྤྱི་ཟླ་༧ པའི་ཚེས་༡༧ གྱི་ ཕྱི་རུའི་ཆུ་ཚོད་ཕྱེད་དང་༦ དེ་ཅིག་ཁར་ ཚེ་འདས་ཕོ་སྐྱེས་དེ་ ལྕམ་སྒང་སློབ་གྲྭའི་ཉེ་འདབས་ལུ་ ཚོང་ཁང་ཅིག་གི་གདོང་ཁར་ ཆ་རོགས་ཚུ་དང་གཅིག་ཁར་ ཀེ་རེམ་བཱོཌ་རྩེདམོ་ རྩེ་སྡོད་སྡོད་པའི་སྐབས་ དོགས་ཅན་བུཚ་དེ་གིས་ རྒྱབ་ཁ་ལས་འོང་སྟེ་ གྱི་གསོབ་བྱིན་མི་དེ་གིས་ སྒལ་ཏོག་གུ་ ཏིང་ཚད་སེན་ཊི་མི་ཊར་༧ ཤ་ནང་འཛུལ་ཡོདཔ་ཨིན་པས།
རྐྱེན་ངན་བྱུང་སར་ མཐོང་མི་ཚུ་གིས་ དེ་འཕྲོ་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་མ་ཚད་ སྨན་ཁང་གི་ ནདཔ་སྐྱེལ་ལེན་འབད་མི་ སྣུམ་འཁོར་འབོ་ཞིནམ་ལས་ ཚེ་འདས་ཕོ་སྐྱེས་དེ་ སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་རུང་ སྲོག་སྐྱབས་འབད་མ་ཚུགསཔ་ཨིན་པས།
དོགས་ཅན་བུཚ་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ ངག་བརྗོད་བཀོད་མི་དང་འཁྲིལཝ་ད་ ཚེ་འདས་ཕོ་སྐྱེས་དེ་གིས་ ན་ཧིང་ དོགས་ཅན་དེ་ལུ་ འདྲང་ནི་ཨིན་ཟེར་ བང་བཙོང་ཡོདཔ་ལས་ དེ་གི་ཧིང་འགྲམ་བཞག་སྟེ་ ཁོ་གིས་ གྱི་གསོབ་བྱིན་ཡི་ཟེར་ཨིན་པས།
དོགས་ཅན་བུཚ་དེ་གིས་ གྱི་ཅུང་དེ་ ཁོ་རའི་ཁྱིམ་ནང་ལས་ འབག་འོང་ཞིནམ་ལས་ ཚེ་འདས་ཀྱི་ རྒྱབ་ཁ་ལས་ གསོབ་བྱིན་ཡོདཔ་ཨིན་པས།
དེ་ཚེ་ རྐྱེན་ངན་བྱུང་བའི་ཉིན་མ་ར་ དོགས་ཅན་བུཚ་དེ་ འཛིན་བཟུང་འབད་ཞིནམ་ལས་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཙུགས་ཡོདཔ་ད་ བུཚ་དེ་ ཐིམ་ཕུག་ནང་འཁོད་ཀྱི་ སློབ་གྲྭ་ཅིག་གི་ སློབ་ཕྲུག་ཨིནམ་ད་ ཁོ་ར་ ལྕམ་སྒང་ལུ་ ཕམ་ཚུ་དང་གཅིག་ཁར་ སྡོད་དོ་ཡོདཔ་ཨིན་པས།
ཚེ་འདས་ཕོ་སྐྱེས་དེ་ ལྕམ་སྒང་ལུ་ ཁོ་རའི་ གནས་ཚང་དང་གཅིག་ཁར་ སྡོད་དོ་ཡོདཔ་བཞིན་དུ་ ཐིམ་ཕུག་ཁྲོམ་སྡེ་ནང་ ལཱ་འབད་མི་ཅིག་ཨིན་པས།
ད་ལྟོ་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་མི་དང་འཁྲིལ་ཏེ་ བུཚ་དེ་ དམར་བསད་ཀྱི་ཉེས་འཛུགས་ འབད་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

དཔལ་འབྱོར་གོང་འཕེལ་ནང་ སོ་ནམ་ལས་སྡེ་གིས་ ལྷན་ཐབས་ཉུང་སུ་ལས་བརྒལ་མེདཔ།

༉ མ་གཞི་ སོ་ནམ་ལས་སྡེ་ནང་ རྒྱལ་ཁབ་ཀྱི་ ལས་མི་ཕྱེད་ཀ་དེ་ཅིག་ འབྲེལ་འཛིན་འབད་དེ་ཡོད་རུང་ དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ ཉུང་སུ་ཅིག་ལས་བརྒལ་ ལྷན་ཐབས་འབད་ནི་མེདཔ་ཨིན་པས། འཕྲལ་ཁམས་ཅིག་ཁར་ གསར་བཏོན་འབད་མི་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ ལོ་བསྟར་སྙན་ཞུ་དང་འཁྲིལཝ་ད་ སོ་ནམ་ལས་སྡེ་ནང་ ལཱ་འབད་མི་ …

Leave a Reply

Your email address will not be published. Required fields are marked *