སྤོས་བཟོ་ཁང་ནང་ ལཱ་འབད་མི་བུམོ་ཚུ།

བུམོ་སྡེ་ཚན་ཅིག་གིས་ སྤོས་བཟོ་ཐོག་ལུ་ མི་ཚེ་བསྒྱུར་བཅོས་ འབད་ཚུགས་ཡོདཔ།

༉ ལྷུན་རྩེ་ རྫོང་ཁག་ སྐམ་དར་སྤྱི་འོག་གི་ སྐྱིད་འཕེལ་གཡུས་ཚན་ནང་ སློབ་རིམ་༡༠ པ་དང་༡༢ པ་ མཐར་འཁྱོལ་མི་ ན་གཞོན་བུམོ་སྡེ་ཚན་ཅིག་གིས་ སྤོས་བཟོ་ཁང་ནང་ ལཱ་འབད་མི་ལུ་བརྟེན་ མི་ཚེ་བསྒྱུར་བཅོས་འབད་ཡོདཔ་ཨིན་པས།
སྐྱེས་ལོ་༡༩ ལས་༢༡ གི་བར་ན་འབད་མི་ བུམོ་ཚུ་གིས་ སྤོས་བཟོ་ནིའི་ཉམས་མྱོང་དང་ རིག་རྩལ་ཚུ་ གོང་འཕེལ་བཏང་ཚུགསཔ་མ་ཚད་ མི་ཚེའི་གནས་སྟངས་ཚུ་གི་སྐོར་ ལེགས་ཤོམ་སྦེ་ཤེས་ནུག།
བཀྲིས་སྒང་དང་ བཀྲིས་གཡང་རྩེ་ དེ་ལས་ ལྷུན་རྩེ་རྫོང་ཁག་ལས་ ན་གཞོན་ཚུ་གིས་ སྤོས་བཟོ་ཁང་ནང་ ལཱ་འབད་དེ་ ལོ་ལྷགཔ་ཅིག་ལང་ཡོདཔ་རུང་ ལ་ལོ་ཅིག་ ལཱ་འབད་དེ་ བདུན་ཕྲག་༡ ལས་བརྒལ་ མ་འགྱོ་བས།
བཀྲིས་སྒང་ མེ་རག་ལས་ སྐྱེས་ལོ་༢༠ ལང་མི་ ཕུར་པ་སྒྲོལ་མ་གིས་ ན་ཧིང་ རང་འབྱུང་འབྲིང་རིམ་སློབ་གྲྭ་གོང་མ་ལས་ སློབ་རིམ་༡༢ པ་མཐར་འཁྱོལ་བའི་ཤུལ་ལུ་ མཐོ་རིམ་ཤེས་ཡོན་ལྷབ་ནི་ལུ་ གོ་སྐབས་ལེན་མ་ཚུགསཔ་ལས་ སྤྱི་ལོ་༢༠༡༦ ལས་ སྤོས་བཟོ་ཁང་འཛུལ་ནུག།
མོ་གིས་ སླབ་མིའི་ནང་ ཤེས་ཡོན་སྦོམ་ལྟ་མ་ཚུགསཔ་ལས་ དངུལ་ཕོགས་ཆུང་རུང་ ཉམས་མྱོང་འཐོབ་ནི་དང་ རིག་རྩལ་ཡར་དྲག་གཏང་ནི་དེ་ གལ་ཅན་ཨིནམ་བཞིན་དུ་ ལཱ་འབད་དེ་ ལོ་༡ ལངམ་ད་ ལཱ་འབད་ཐངས་ཀྱི་ ལྕོགས་གྲུབ་གོང་འཕེལ་བཏང་ཚུགས་ཅི་ཟེར་ཨིན་པས།
མཁའ་གླིང་ལས་ སྐྱེས་ལོ་༢༠ ལང་མི་ པདྨ་ཆོས་སྒྲོན་གྱིས་ སྤྱི་ལོ་༢༠༡༥ ལུ་ སློབ་རིམ་༡༠ པ་ མཐར་འཁྱོལ་བའི་ཤུལ་ལུ་ ལཱ་གཡོག་ནང་འཛུལ་ནི་དེ་གིས་ ཕམ་༢ དང་ སྤུན་ཆ་༦ ལུ་ ཆ་རོགས་འབད་ཚུགས་ཅི་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ཆ་རོགས་ཚུ་ དཔེ་ཆ་ལྷབ་སར་མཐོངམ་ད་ སེམས་ཁར་སྐྱོ་སྣང་བྱུང་རུང་ ལཱ་འབད་དེ་ དངུལ་ཕོགས་ཐོབ་མི་དེ་གིས་ ཕམ་དང་ སྤུན་ཆ་ལུ་ ཆ་རོགས་འབད་ཚུགས་ནི་དེ་གིས་ སེམས་དགའ་བས་ཟེར་ཨིན་པས།
དེ་བཟུམ་སྦེ་ སྤུན་ཆ་༥ འི་གྲས་ལས་ སྦོམ་ཤོས་ཅིག་ཨིན་མི་ མཆོད་རྟེན་ལྷ་མོ་གིས་ སྤྱི་ལོ་༢༠༡༥ ལུ་ བཀྲིས་གཡང་རྩེ་ སྦས་གླིང་སློབ་གྲྭ་ལས་ སློབ་རིམ་༡༠ པ་མཐར་འཁྱོལ་ཡོདཔ་ད་ སྤོས་བཟོ་ཁང་ནང་ ལཱ་འབད་དེ་ སྤུན་ཆ་ཚུ་ དཔེ་ཆ་བལྟ་ནིའི་དོན་ལུ་ ཟད་འགྲོ་དུམ་གྲ་རེ་ བྱིན་ཚུགས་པས་ཟེར་ཨིན་པས།
མཁའ་གླིང་ལས་ སྐྱེས་ལོ་༢༠ ལང་མི་ ཀུན་བཟང་སྒྲོལ་མ་གིས་ སླབ་མིའི་ནང་ མོ་གི་དོན་ལུ་ སྤོས་བཟོ་ནིའི་ལཱ་དེ་ གསརཔ་ཅིག་འབད་རུང་ སེམས་ཤུགས་བསྐྱེད་དེ་ ལཱ་རྩ་འགེངས་འབད་ནི་དེ་གིས་ སྤོས་བཟོ་ཐངས་དང་ སྤོས་བཟོ་ནིའི་ ཅ་ཆས་ཀྱི་རིགས་ ཚོང་འབྲེལ་གྱི་ལམ་ལུགས་ དེ་ལས་ མི་ཚུ་གི་བར་ན་ མཐུན་འབྲེལ་བཟོ་ནིའི་སྐོར་ལས་ ཡོན་ཏན་ཐོབ་པའི་བསྒང་ཨིན་ཟེར་ སླབ་ཨིན་པས།
སྐྱེས་ལོ་༡༩ ལང་མི་ མཆོད་རྟེན་ལྷ་མོ་གིས་འབད་བ་ཅིན་ མཐོ་རིམ་སློབ་གྲྭ་མཇུག་མི་དང་ ན་གཞོན་གཞན་ཚུ་ ཁྲོམ་དང་ གཡུས་ཁ་ལས་ཕར་ སྤྱང་འཁྱམས་སྡོད་པའི་ཁར་ ལ་ལོ་ཅིག་གིས་ སྨྱོ་རྫས་སྤྱོད་ནི་དང་ བཀྲ་མ་ཤིསཔ་འབད་དེ་ དུས་ཚོད་འཕྲོ་བརླག་བཏང་སར་མཐོངམ་ད་ སེམས་ཤིཝ་མས་ཟེར་ཨིན་པས།
དེ་ཡང་ མོ་གིས་འབད་བ་ཅིན་ དུས་ཚོད་འཕྲོ་བརླག་མ་བཏང་པར་ ལཱ་ཆུང་ཀུ་ཅིག་ཨིན་རུང་ འབད་བ་ཅིན་ ལཱ་དེ་ལུ་བརྟེན་ རིག་རྩལ་དང་ ཉམས་མྱོང་ཚུ་ ཟླཝ་བཞིན་དུ་ གོང་འཕེལ་འགྱོཝ་མ་ཚད་ མ་འོངས་པའི་དོན་ལུ་ ཁེ་ཕན་སྦོམ་མཐོང་ཡི་ཟེར་ཨིན་པས།


ཁོང་ལ་ལོ་ཅིག་གིས་ སླབ་མིའི་ནང་ སྤོས་བཟོ་ནིའི་ནང་ མཐར་ཕྱིན་སྦེ་ མ་ཤེས་ཚུན་ ཇོ་བདག་གི་འོག་ལུ་ ལཱ་འབད་ཞིནམ་ལས་ ལོ་དག་པ་ཅིག་གི་ཤུལ་ལུ་ སྐྱིན་འགྲུལ་ཞུ་སྟེ་ སྤོས་བཟོ་ཁང་གཞི་བཙུགས་ནིའི་ དམིགས་གཏད་བསྐྱེདཔ་མ་ཚད་ ལ་ལོ་གིས་ ཚོང་ལས་ཁང་ གཞན་གཞི་བཙུགས་ཀྱི་གནས་སྐབས་ཚུ་ འཐོབ་ཚུགས་ཅི་ཟེར་ བསམ་འཆར་བཤད་ནི་འདུག།
སྤོས་བཟོ་ཁང་གི་ཇོ་བདག་ སྐྱེས་ལོ་༣༨ ལང་མི་ བསྟན་འཛིན་དཔལ་འབྱོར་གྱིས་ སླབ་མིའི་ནང་ ན་གཞོན་བུམོ་སྡེ་ཚན་༡ ལུ་ ལཱ་གཡོག་གི་གོ་སྐབས་ བྱིན་ཡོདཔ་བཞིན་དུ་ བུམོ་ཚུ་གིས་ཡང་ ཅི་ལྕོགས་གང་ལྕོགས་ཀྱི་སྒོ་ལས་ ལཱ་འབད་མི་ལུ་བརྟེན་ ཚོང་འབྲེལ་ཡང་ ལེགས་ཤོམ་འགྱོ་དོ་ཟེར་ཨིན་པས།
ཟླ་རིམ་དངུལ་ཕོགས་དེ་ཡང་ ལས་གཡོག་ལྷན་ཁག་གི་ ལམ་ལུགས་དང་འཁྲིལ་ སྤྲོད་པའི་ཁར་ ལྷན་ཁག་ནང་ ཐོ་བཀོད་མ་འབད་མི་ཚུ་ཡང་ ཟླ་རིམ་དངུལ་ཕོགས་དངུལ་ཀྲམ་༥༠༠༠ ལས་ཡར་ བྱིན་ནི་ཡོད་ཟེར་ཨིན་པས།
ལས་གཡོག་ལྷན་ཁག་ནང་ ཐོ་བཀོད་འབད་བ་ཅིན་ ལམ་ལུགས་དང་འཁྲིལ་ ཟླ་རིམ་བཞིན་དུ་ དངུལ་ཕོགས་དངུལ་ཀྲམ་༩,༠༠༠ སྤྲོད་དོ་ཟེར་ཨིན་པས།
སྤོས་ཀྱི་ཚོང་འབྲེལ་དེ་ ལྷུན་རྩེ་དང་ མོང་སྒར་ བཀྲིས་སྒང་ བཀྲིས་གཡང་རྩེ་ བུམ་ཐང་ དབང་འདུས་ ཐིམ་ཕུག་ ཆུ་ཁ་ ཕུན་ཚོགས་གླིང་ དགེ་ལེགས་ཕུག་ དེ་ལས་ རྒྱ་གར་་ སི་ཀིམ་ཚུ་ལས་ ཚོང་པ་དང་ མི་སེར་ཚུ་གིས་ མཁོ་མངགས་འབད་མི་དང་འཁྲིལ་ བཀྲམ་སྤེལ་འབད་དོ་ཟེར་ཨིན་པས།
སྤོས་བཟོ་སྐྲུན་འབད་ནི་དེ་ བསྟན་འཛིན་དཔལ་འབྱོར་གྱི་ ཨ་པ་གིས་ གཞི་བཙུགས་འབད་མི་དེ་ འཕྲོ་མཐུད་དེ་ བསྟན་འཛིན་དཔལ་འབྱོར་བཟའ་ཚང་༢ ཀྱིས་ ལཱ་འབད་དེ་ལོ་༡༠ ལང་ཡོདཔ་ད་ དེ་གི་ཧེ་མར་ སྣུམ་འཁོར་དེད་གཡོགཔ་དང་ གོ་ལ་ཚོང་རྐྱབ་སྟེ་ སྡོད་ཡོདཔ་ཨིན་པས།
སྤོས་བཙོང་མི་ལུ་བརྟེན་ ཟླ་རིམ་བཞིན་དུ་ འོང་འབབ་དངུལ་ཀྲམ་༡༥༠,༠༠༠ དེ་ཅིག་ བཟོ་ཚུགས་དོ་ཡོདཔ་ད་ ལྷུན་རྩེ་རྫོང་ཁག་ནང་ སྤོས་བཟོ་མི་༥ དེ་ཅིག་ཡོདཔ་ཨིན་པའི་གནས་ཚུལ།

ལྷུན་རྩེ་ལས་ བཀྲིས་ཕུན་ཚོགས།

About admin

Check Also

བཀའ་རྒྱ་ཁྱོམ་གྱིས་ དར་དཀར་ནང་གི་ སོ་ནམ་པ་ཚུ་ལུ་ ཆ་རོགས་འབད་ནི།

༉ ཐིམ་ཕུག་ བཀའ་རྒྱ་ཁྱོམ་ནང་ཡོད་པའི་ རང་བཞིན་སླར་འབྱུང་ཐོན་ཁུངས་ཀྱི་ རང་བཞིན་སོ་ནམ་དང་སྒོ་ནོར་ཐོན་སྐྱེད་བཙོང་ཁང་གིས་ དར་དཀར་ནང་གི་ སོ་ནམ་པ་ཚུ་ལུ་ ཚོང་འབྲེལ་གདོང་ལེན་བྱུང་མི་དེ་ སེལ་ཐབས་འབད་ནིའི་དོན་ལུ་ ཆ་རོགས་འབད་དོ་ཡོདཔ་ཨིན་པས། དེ་ཡང་ དར་དཀར་དཔལ་ལུ་ གཞི་བཙུགས་འབད་དེ་ཡོད་པའི་ དར་དཀར་སོ་ནམ་ཐོན་སྐྱེད་སྡེ་ཚན་གྱི་ རྒྱ་སྐྱེད་བཙོང་ཁང་བཟུམ་ཅིག་ཨིནམ་ད་ …

Leave a Reply

Your email address will not be published. Required fields are marked *