བུམོ་ཅུང་ཚུ་གི་ ཉེན་སྲུང་དོན་ལུ་ སྤྱི་རུབ་འགན་ཁུར་འབག་དགོཔ།

༉ ང་བཅས་རའི་ བུམོ་ཅུང་ཚུ་ ཉེན་སྲུང་འབད་མ་ཚུགས་པའི་ འཐུས་ཤོར་བྱུང་མི་དེ་ རྒྱལ་ཡོངས་ལུ་ ཚ་གྱང་ལང་དགོ་པའི་ གནད་དོན་ཚབས་ཆེན་ཅིག་ཨིན་མི་དེ་ཡང་ འདས་པའི་ལོ་ནང་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༣༣༠ ལུ་ ཨ་ལོ་ཆགས་ཡོད་པའི་ སྙན་ཞུ་གསལ་སྟོན་འབད་ནི་དེ་གིས་ཨིན།

འཕྲལ་ཁམས་ཅིག་ཁར་ བྱུང་རྐྱེན་གཅིག་དང་འཁྲིལཝ་ད་ བསམ་གྲུབ་ལྗོངས་མཁར་ལུ་ སྐྱེས་ལོ་༡༢ ལང་མི་ སློབ་ཕྲུག་བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ་བཞིན་དུ་ གནད་དོན་འདི་ དབྱེ་ཞིབ་འབད་ནིའི་དོན་ལུ་ ཁེ་མིན་ལས་ཚོགས་ཅིག་ཨིན་པའི་ ན་གཞོན་ལམ་སྟོན་གྱིས་ བར་འབྲེལ་འཐབ་ནུག།

ན་གཞོན་ལམ་སྟོན་གྱིས་ གློ་བུར་གྱི་ ངོས་ལེན་བཟུམ་ཅིག་སྦེ་ བུམོ་དེ་དང་ མོ་རའི་ཕམ་ཚུ་ལུ་ དགོས་མཁོ་ཆེ་བའི་ཅ་ཆས་ཚུ་ ཉོ་སྒྲུབ་འབད་ནིའི་དོན་ལས་ དངུལ་རྐྱང་གི་ རྒྱབ་སྐྱོར་འབད་ནུག།

འདི་མ་ཚད་ ལས་ཚོགས་ཀྱི་ བསླབ་སྟོན་པ་ཚུ་དང་ སློབ་གྲྭའི་སློབ་དཔོན་ཚུ་གིས་ བུམོ་དེ་ལུ་ བསླབ་བྱ་ཚུ་བྱིན་ཡོདཔ་མ་ཚད་ ལས་ཚོགས་དང་ སློབ་གྲྭའི་དབང་འཛིན་ཚུ་གིས་ མོ་ལུ་ འཕྲོ་མཐུད་ཤེས་ཡོན་གྱི་ རྒྱབ་སྐྱོར་བྱིན་ནི་སྦེ་ཡང་ སླབ་ནུག།

ད་རུང་ མོ་བཟུམ་སྦེ་ སྐྱེས་ལོ་༡༣ ལང་མི་ བུམོ་ཅུང་ཅིག་ལུ་ཡང་ གཟུགས་ཁམས་དང་ སེམས་ཁམས་ལུ་ གནོད་འཚེ་དང་ དཀའ་སྡུག་ཚུ་བྱུང་མི་ལུ་བརྟེན་ ཁེ་མིན་ལས་ཚོགས་གཞན་ རི་ནིའུ་ཟེར་མི་ ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་ལུ་ འབྲེལ་གཏུགས་འབད་ནུག།

སྐྱེས་ལོ་༡༢ ལང་མི་ སློབ་ཕྲུག་བུམོ་དེ་གིས་ ཨ་ལོ་སྐྱེས་བའི་སྐོར་ལས་ མི་སྡེ་བརྡ་བརྒྱུད་ནང་ གནས་ཚུལ་དར་ཁྱབ་སོང་བའི་ཁར་ བསམ་འཆར་འདྲ་མིན་སྣ་ཚོགས་ བཀོད་ཐངས་ལུ་ལྟཝ་ད་ ན་ཆུང་བུམོ་ཚུ་ལུ་ འདོད་སྤྱོད་གནོད་འཚེ་འབད་མི་དེ་ མི་སྡེའི་ནང་ ཁྱད་མེདཔ་བཟུམ་ཅིག་ཨིན་པའི་ ཚོར་སྣང་བྱུང་ཡི།

དེ་ཡང་ ག་འཆརཔ་ཟེར་བ་ཅིན་ སྤྱིར་བཏང་མི་མང་གིས་ འདོད་སྤྱོད་གནོད་འཚེ་འབད་མི་ ཕོ་སྐྱེས་དེ་ལུ་ ཁྲིམས་འགལ་བྱ་ངན་འབད་བའི་ ཉེས་འཛུགས་འབད་ནིའི་ཚབ་ བུམོ་དེ་གིས་ ཨ་ལོ་ལེགས་ཤོམ་སྦེ་ སྐྱེས་ཚུགས་ནུག་ཟེར་ བཀྲིས་བདེ་ལེགས་ཀྱི་ འཕྲིན་ཡིག་ཚུ་ བྲིས་མི་ལུ་བརྟེན་ཨིན།

མི་རློབས་༧༠༠,༠༠༠ ལྷགཔ་ཅིག་འབད་མི་ རྒྱལ་ཁབ་ཆུང་ཀུ་ཅིག་ནང་ ན་ཆུང་བུམོ་༣༣༠ ལུ་ འདོད་སྤྱོད་གནོད་འཚེ་འབད་མིའི་ གྱངས་ཁ་ལུ་ལྟཝ་ད་ རྣམ་རྟོག་ལང་སི་སི་ཅིག་ཨིནམ་ལས་ དབང་འཛིན་ཚུ་གིས་འབད་རུང་ ང་བཅས་རའི་ བུམོ་ཅུང་ཚུ་ལུ་ ངེས་པར་དུ་ ཉེན་སྲུང་བཟོ་དགོཔ་འདུག།

ཉམས་རྒུདཔ་བུམོ་ཚུ་ མང་ཤོས་ར་ ཉེན་ཁ་ཅན་གྱི་ བཟའ་ཚང་ཚུ་ནང་ལས་ཨིནམ་ད་ དེ་ཡང་ བཟའ་ཚང་ནང་འཁོད་ལས་དང་ ཡང་ཅིན་ ངོ་ཤེས་འདྲིས་ཤེས་ཚུ་གིས་ར་ བྱ་ངན་འབད་མི་དེ་ལུ་ སེམས་ཕམ་བྱུང་བའི་ གཞི་གནད་ཅིག་ཨིན་མས།

ང་བཅས་རའི་ ཨ་ལོ་ཚུ་གི་ ཉེན་སྲུང་དང་འབྲེལ་བའི་ ཁྲིམས་དང་སྲིད་བྱུས་ བཅའ་ཡིག་དང་སྒྲིག་གཞི་ཚུ་ཡང་ བསྐྱར་ཞིབ་འབད་ནིའི་ དུས་ཚོད་རན་ཡོདཔ་མ་ཚད་ ཨ་ལོའི་ཉེན་སྲུང་ནང་ འཐུས་ཤོར་བྱུང་མི་ འགོ་དཔོན་ཚུ་ལུ་ཡང་ འགན་འཁྲི་བཀལ་དགོཔ་འདུག།

ཕྱོགས་གཅིག་ལས་བལྟ་བ་ཅིན་ ཉེས་ཁྲིམས་བཀལ་ནི་བ་ སྔོན་འགོག་ཐབས་ལམ་བཏོན་ནི་དེ་ ཁག་ཆེ་མི་ལུ་བརྟེན་ ལས་ཚོགས་དང་ ངོ་ཚབ་དག་པ་ཅིག་ལུ་ འགན་འཁྲི་བཀལ་མ་བཞག་པར་ ང་བཅས་ར་ སྤྱི་རུབ་ཐོག་ལས་ གདོང་ལེན་འབད་དགོཔ་འདུག།

རྒྱུ་མཚན་འདི་ལུ་བརྟེན་ བཟའ་ཚང་ནང་མི་དང་ ཁྱིམ་ཚང་ སློབ་དཔོན་ གསོ་བའི་འགོ་དཔོན་ དེ་ལས་ ཁྲིམས་བསྟར་སྤྱོད་འབད་མི་ཚུ་གིས་ དོགས་ཟོན་ཅན་དང་ དཀའ་སྡུག་ཅན་གྱི་ གནས་སྟངས་ནང་སྡོད་མི་ ན་ཆུང་བུམོ་ཚུ་ ངོས་འཛིན་འབད་ཞིནམ་ལས་ རྒྱབ་སྐྱོར་དང་ ཞབས་ཏོག་ཚུ་བྱིན་ནིའི་དོན་ལུ་ འདྲ་མཉམ་འགན་ཁུར་འབག་པ་ཅིན་ ང་བཅས་རའི་ ལོ་ན་མ་སྨིན་པའི་ བུམོ་ཅུང་ཚུ་ལུ་ ཉེན་སྲུང་བྱིན་ཚུགས་པའི་ཁར་ འདོད་སྤྱོད་གནོད་འཚེ་འབད་ནི་ལས་ སྔོན་འགོག་ངེས་བརྟན་འབད་ཚུགས།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *