འཛིན་སྐྱོང་འཐབ་མ་ཚུགས་པའི་ གདོང་ལེན་བྱུང་མི་ མི་མང་གསང་སྤྱོད།

བུམ་ཐང་ལྕམ་མཁར་ལུ་ མི་མང་གསང་སྤྱོད་ འཛིན་སྐྱོང་འཐབ་མ་ཚུགས་པའི་ གདོང་ལེན།

༉ བུམ་ཐང་ལྕམ་མཁར་ཁྲོམ་ཁར་ མི་མང་གི་གསང་སྤྱོད་ཚུ་ ལེགས་ཤོམ་སྦེ་ འཛིན་སྐྱོང་མ་འཐབ་པའི་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས།
ཁང་ཚན་༦ འབད་མི་ མི་མང་གསང་སྤྱོད་དེ་ ཚོད་བསྲེ་ཁྲོམ་གྱི་ཉེ་འདབས་ལུ་ཡོདཔ་ད་ ཚོད་བསྲེ་བཙོང་མི་དང་ ཚོང་མགྲོན་པ་ དེ་བཟུམ་སྦེ་ ཕར་ཚུར་འགྲོ་འགྲུལ་འབད་མི་ཚུ་གིས་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།
ད་ལྟོ་ གསང་སྤྱོད་ཚུ་ ཕྱི་ནང་གཉིས་ཆ་ར་ སྒོ་མེད་པའི་ཁར་ སྒོ་སྒྲིག་ཡང་མེདཔ་ལས་ ལག་ལེན་འཐབ་ནི་ལུ་ གདོང་ལེན་བྱུང་སྟེ་ཡོད་པའི་ཁར་ ལག་ལེག་འཐབ་མི་ཚུ་གིས་ཡང་ སྣང་མེད་སྦེ་ ཆབ་གསང་བཤལ་མ་གཏང་པར་ ཁམས་ལོག་སི་སི་ འབད་བཞག་སྟེ་འདུག།
མི་མང་གསང་སྤྱོད་དེ་ འཛིན་སྐྱོང་འཐབ་མི་ ག་ཡང་མེདཔ་ལས་ མི་ཚུ་གིས་ ལོག་སྤྱོད་འབད་དོ་ཡོདཔ་ད་ མི་ཚུ་གིས་ སླབ་མིའི་ནང་ གསང་སྤྱོད་ཁམས་ལོག་སི་སི་ཡོདཔ་ལས་ བུམ་ཐང་རྫོང་ཁག་ལུ་ ཁ་གཏང་ནིའི་ ཉེན་ཁ་འདུག་ཟེར་ཨིན་པས།
ཚོད་བསྲེ་ཁྲོམ་ཁར་ ཚོད་བསྲེ་བཙོང་མི་ བསོད་ནམས་ཀྱིས་ སླབ་མིའི་ནང་ གསང་སྤྱོད་དེ་ ཚོད་བསྲེ་བཙོང་མི་ཚུ་གིས་ དོན་ལུ་ མེད་ཐབས་མེདཔ་ཅིག་ཨིན་ཟེར་ཨིནམ་ད་ དེ་ཡང་ ཚོང་མགྲོན་པ་ཚུ་ གསང་སྤྱོད་ལེགས་ཤོམ་མེདཔ་ལས་ ངོ་ཤེས་མིའི་ ཟ་ཁང་དང་ ཁྱིམ་ནང་ འགྱོ་དོ་ཡོདཔ་ཨིན་རུང་ ཁོང་ཆ་ཁྱབ་ དེ་ར་ ལག་ལེན་འཐབ་དོ་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ཁང་ཚན་རེ་རེའི་ནང་ ཆུ་བཙུགས་དགོཔ་འདུག་ཟེར་ཨིནམ་ད་ དེ་ཡང་ ཁང་ཚན་༣ གྱི་དོན་ལུ་ ཆུ་ཏོ་༡ ལས་བརྒལ་མེད་པའི་ཁར་ ཆུ་བླུག་ནིའི་ལྷོད་ཡང་མེདཔ་ལས་ མི་ཚུ་གིས་ ལག་ལེན་འཐབ་ཞིནམ་ལས ཆུ་མ་བླུག་པར་ བཞགཔ་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ སྐལ་བཟང་ལྷ་སྒྲོན་གྱིས་ སླབ་མིའི་ནང་ ཧེ་མ་ཚར་གཅིག་ ཚོད་བསྲེ་བཙོང་མི་ཚུ་གིས་ ཆུ་བླུག་ནིའི་ གྱིབ་རྡོབ་ཉོ་ཡོདཔ་ཨིན་རུང་ ག་ར་དཀྲུམ་བཏང་ནུག་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ཨ་ལོ་བཀྲ་ཉེས་ཚུ་གིས་ ཆབ་གསང་ནང་འཛུལ་ཞིནམ་ལས་ སྒོ་བསྡམས་བཞག་སྟེ་ ཁོང་ར་སྒོ་སྒྲིག་ནང་ལས་ཐོན་ཏེ་ མི་ཚུ་ ཕྱི་ཁར་བཀག་དོ་ཡོདཔ་ལས་ སྒོ་སྒྲིག་ཡང་ དགོཔ་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ ནང་ན་ ཏམ་ཁུ་འཐུང་མི་ཚུ་གིས་ ཚིགས་རོ་ཚུ་ ག་ལྷོད་བཀོག་དོ་ཡོདཔ་མ་ཚད་ ཕྱི་རུ་སྤྲོ་སྟོན་ཁང་ནང་ འོང་མི་ཚུ་གིས་ ག་ལྷོད་སྦེ་ ལོག་སྤྱོད་འབདཝ་མས་ཟེར་ ཨིན་པས།
མི་ཚུ་གིས་ སླབ་མིའི་ནང་ བྱ་དཀར་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་ཕྲུག་ཚུ་གིས་ གསང་སྤྱོད་དེ་ ཁས་བླངས་ཐོག་ལས་ འཛིན་སྐྱོང་འཐབ་དོ་ཡོདཔ་ལས་ ཕྱགས་བདར་རྐྱབ་པར་ཚར་རེ་འོངམ་ད་ ཧིང་སངས་ས་སྦེ་མཐོང་རུང་ དེའི་ཤུལ་ལས་ ད་རུང་ ཁམས་ལོག་སི་སི་འགྱོ་དོ་ཡོདཔ་ལས་ ཁྲོམ་གཞན་ཁར་བཟུམ་སྦེ་ འཛིན་སྐྱོང་འཐབ་མི་བཙུགས་སྟེ་ སྤྱོད་འཐུས་དུམ་གྲ་རེ་ལེན་པ་ཅིན་ ལེགས་ཤོམ་འགྱོ་ནི་མས་ཟེར་ཨིན་པས།
ཁྲོམ་སྡེའི་ བཟོ་རིག་འགོ་དཔོན་ པདྨ་ལས་འཕྲོ་གིས་ སླབ་མིའི་ནང་ ཁྲོམ་སྡེའི་ཁ་ཐུག་ལས་ གསང་སྤྱོད་དེ་ ཉམས་བཅོས་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གླ་འཁོར་བཞག་སའི་ཉེ་འདབས་ལུ་ མི་ཚུ་ གསང་སྤྱོད་མེད་པའི་ གདོང་ལེན་བྱུང་དོ་ཡོདཔ་ལས་ ཁང་ཚན་༤ འབད་མི་ གསང་སྤྱོད་ཅིག་ བཟོ་སྐྲུན་འབད་ཡི་ཟེར་ཨིནམ་ད་ ལག་ལེན་འཐབ་ནིའི་དོན་ལུ་ ལྡེ་མིག་ཚུ་ གླ་འཁོར་དད་གཡོགཔ་དང་ ཟ་ཁང་ དེ་བཟུམ་སྦེ་ ཁྲོམ་སྡེ་འཐུས་མི་ལུ་ སྤྲོད་དེ་ཡོདཔ་ལས་ ག་ར་གིས་ ལག་ལེན་འཐབ་རུང་ འཐབ་ཆོག་ཆོག་ཡོད་ཟེར་ཨིན་པས།
ལྡེ་མིག་རྐྱབ་དགོ་མི་དེ་ཡང་ འགོ་དང་པ་ གསང་སྤྱོད་ནང་ལས་ ཅ་ཆས་ཚུ་ འཐུ་འབག་སོང་ནི་དེ་གིས་ཨིན་ཟེར་ ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། བུམ་ཐང་།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *