རོ་ཁྱིའི་གྱངས་ཁ་ མར་ཕབ་རྐྱབ་ནིའི་དོན་ལུ་ ཤ་གཅོད་པའི་བསྒང་།

བུམ་ཐང་ལུ་ སྤྱང་ཁྱི་བརྒྱ་ཆ་༣༠ དེ་ཅིག་ གཅེས་པའི་གསོ་ཁྱི་སྦེ་ ལེན་བཅུག་ནི།

༉ བུམ་ཐང་རྫོང་ཁག་ནང་ སྤྱང་ཁྱི་བརྒྱ་ཆ་༣༠ དེ་ཅིག་ མི་ཚུ་གིས་ གཅེས་པའི་གསོ་ཁྱི་སྦེ་ ལེན་བཅུག་ནི་ཨིནམ་ད་ དེ་ཡང་ རྫོང་ཁག་ནང་ རོ་ཁྱིའི་གྱངས་ཁ་ མར་ཕབ་འབད་ནིའི་ལས་རིམ་ འགོ་འདྲེན་འཐབ་མི་དང་འབྲེལ་ཨིན་པས།

རྒྱལ་ཡོངས་ནང་ སྤྱང་ཁྱིའི་གྱངས་ཁ་ མར་ཕབ་འབད་ནིའི་ དམིགས་བསལ་ལས་རིམ་འོག་ གཞལམ་སྒང་རྫོང་ཁག་ནང་ཡོད་པའི་ ལུང་ཕྱོགས་སྒོ་ནོར་གོང་འཕེལ་ལྟེ་བ་གི་ བུམ་ཐང་ལུ་ ལས་རིམ་དེ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

ལུང་ཕྱོགས་མདོ་ཆེན་ ཌོག་ཊར་འཇམ་དཔལ་རྡོ་རྗེ་གིས་ སླབ་མིའི་ནང་ དུས་ཅི་གི་ ལས་རིམ་དེ་ ཨ་རྟག་འགོ་འདྲེན་འཐབ་མི་དང་ མི་འདྲ་ཟེར་ཨིནམ་ད་ དེ་ཡང་ ལས་རིམ་སྐབས་ རོ་ཁྱིའི་གྱངས་ཁ་བརྒྱ་ཆ་༩༥ དེ་ཅིག་ མར་ཕབ་རྐྱབ་ནི་དང་ རོ་ཁྱིའི་འཆོལ་ནད་བཀག་ཐབས་ཀྱི་སྨན་ཁབ་ བརྒྱ་ཆ་ལས་བརྒྱ་བཙུགས་ནི་ དེ་ལས་ གཅེས་པའི་གསོ་ཁྱི་ཡོད་མི་ཚུ་ འགན་འཁྲི་དང་འགན་ཁུར་ འབག་ནིའི་དོན་ལུ་ ཐོ་བཀོད་བརྒྱ་ཆ་ལས་བརྒྱ་ འབད་བཅུག་ནི་ཨིན་ཟེར་ཨིན་པས།

ལས་རིམ་དེ་ཡང་ བློན་ཆེན་ཡིག་ཚང་གི་འོག་ལུ་ སྤྱང་ཁྱིའི་གྱངས་ཁ་ མར་ཕབ་རྐྱབ་ནི་དང་ ཕྱགས་སྙིགས་འཛིན་སྐྱོང་ལས་རིམ་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

བུམ་ཐང་ལུ་ རོ་ཁྱི་བསྡོམས་༤,༣༥༨ ཡོདཔ་ད་ དེ་ནང་ལས་ སྤྱང་ཁྱི་༢,༥༢༣ དང་ ཇོ་བདག་ཡོད་མི་ གསོ་ཁྱི་༡,༨༣༥ ཡོདཔ་ད་ དེ་ནང་ལས རོ་ཁྱི་༢,༩༥༥ (བརྒྱ་ཆ་འབད་བ་ཅིན་༦༨) གཤག་བཅོས་འབད་མར་ཡོདཔ་ད་ ལས་རིམ་དེ་གིས་ བུམ་ཐང་ལུ་ རོ་ཁྱིའི་གྱངས་ཁ་ མར་ཕབ་འབད་ནི་ཨིན་པས།

ཌོག་ཊཪ་འཇམ་དཔལ་གྱིས་ སླབ་མིའི་ནང་ ལས་རིམ་དེ་ རོ་ཁྱིའི་འཕྲོད་བསྟེན་དང་ ཕན་བདེའི་དོན་ལུ་ འགོ་འགོ་འདྲེན་འཐབ་ཨིན་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ སང་ཕོད་ལས་ གཅེས་པའི་གསོ་ཁྱི་ཡོད་མི་ཚུ་ ལྟ་རྟོག་དང་ དབྱེ་དཔྱད་འབད་ནི་ཨིན་ཟེར་ཨིན་པས།

ལས་རིམ་དེ་ རྒེད་འོག་ག་རའི་ནང་ འགོ་འདྲེན་འཐབ་ནི་ཨིནམ་ད་ ས་གནས་ཐག་རིང་སར་ ཡོད་མི་ཚུ་གི་དོན་ལུ་ འགྲུལ་སྐྱོད་སྨན་བཅོས་ཞབས་ཏོག་ འགོ་བཙུགས་ནི་ཨིནམ་བཞིན་དུ་ སྤྱི་ཟླ་༥ པའི་ནང་ ལ་གོང་༣ གི་དོན་ལུ་ འགོ་འདྲེན་འཐབ་ནི་ཨིན་པས།

ལས་རིམ་དེ་ལུ་བརྟེན་ མ་འོངས་ལོ་༡༠ དེ་ཅིག་ནང་ རྒྱལ་ཁབ་ནང་ རོ་ཁྱི་བརྒྱ་ཆ་༩༥ མར་ཕབ་འབད་ཚུགས་ནི་དང་ བརྒྱ་ཆ་༥ བཞག་མི་དེ་ རོ་ཁྱི་རྩ་མེད་འགྱོ་ནིའི་ཉེན་ཁ་ཡོདཔ་ལས་ བདག་འཛིན་འཐབ་ནིའི་དོན་ལུ་ཨིན་ཟེར་ ཨིན་པས།

དེ་བཟུམ་སྦེ་ གཅེས་པའི་གསོ་ཁྱི་ཡོད་མི་ཚུ་ རང་གི་བློ་འདོད་ལྟར་དུ་ རོ་ཁྱི་ཚུ་ གཤག་བཅོས་འབད་མ་འབད་གི་ ལམ་ལུགས་ཡོདཔ་ད་ དེ་ཡང་ རོ་ཁྱིའི་རིགས་ལེགས་ཤོམ་ བདག་འཛིན་འཐབ་ནིའི་དོན་ལུ་ཨིན་པས།

དུས་ཅི་ ལས་རིམ་སྐབས་ རང་གི་ གཅེས་པའི་གསོ་ཁྱི་ཡོད་མི་ཚུ་ གལ་སྲིད་རོ་ཁྱི་དེ་ གཤག་བཅོས་མ་འབད་བ་ཅིན་ སྒོ་ནོར་ལས་ཚན་དང་གཅིག་ཁར་ འགན་ལེན་མཚན་རྟགས་ བཀོད་དགོཔ་ཨིན་པས།

དེ་ཡང་ མ་འོངས་པའི་ནང་ མི་ཚུ་གིས་ གཅེས་པའི་གསོ་ཁྱི་ལུ་བརྟེན་ རོ་ཁྱིའི་གྱངས་ཁ་ ཡར་སེང་འགྱོ་བ་ཅིན་ ཁོང་ལུ་ འགན་འཁྲི་བཀལ་ནིའི་དོན་ལུ་ཨིན་པས།

ད་རུང་ ས་གནས་ནང་ སྤྱང་ཁྱི་ཚུ་ གསོ་ཁྱི་སྦེ་ ལེན་བཅུག་ནི་ཨིན་མི་དེ་ཡང་ མི་ངོ་རྐྱང་དང་ གཙུག་སྡེ་ དེ་ལས་ མི་སྡེ་༣ སྦེ་འབད་ནིའི་ ལམ་ལུགས་ཡོདཔ་ད་ གཙུག་སྡེ་གིས་ལེན་ནི་དེ་ སློབ་གྲྭ་དང་ གྲྭ་ཚང་ཨིནམ་ད་ རང་གི་ས་གནས་ནང་ཡོད་པའི་ རོ་ཁྱི་ཚུ་ བདག་འཛིན་འཐབ་དགོ་ནི་ཨིན་པས།

མགོནམ་ལྷ་མོ་གིས་ སླབ་མིའི་ནང་ ལས་རིམ་དེ་ལུ་བརྟེན་ རོ་ཁྱིའི་གྱངས་ཁ་ མར་ཕབ་འབད་ཚུགས་པའི་ ཁེ་ཕན་ཡོདཔ་མ་ཚད་ དེ་ལུ་བརྟེན་ མི་དང་སེམས་ཅན་ཚུ་ལུ་ སྤྱང་ཁྱིའི་ཉེན་ཁ་ཡོད་མི་དེ་ཡང་ མར་ཕབ་འབད་འོང་ཟེར་ཨིན་པས།

མོ་དང་མོ་རའི་ བཟའ་ཚང་གིས་ སྤྱང་ཁྱི་༣ གསོ་ནི་སྦེ་ བདག་དབང་ལེན་ཡོདཔ་ད་ མོ་གིས་ སླབ་མིའི་ནང་ མི་གཞན་ཚུ་གིས་ཡང་ དེ་བཟུམ་འབད་བ་ཅིན་ ས་གནས་ནང་ སྤྱང་ཁྱི་མེདཔ་འགྱོ་འོང་ཟེར་ཨིན་པས།

དེ་བཟུམ་སྦེ་ བདེ་སྐྱིད་གླིང་ལས་ ཀུན་ལེགས་ཚེ་རིང་གིས་ སླབ་མིའི་ནང་ མི་ཚུ་གིས་ རང་གི་ ཁྱིམ་གྱི་ཉེ་འདབས་ལུ་ ལྟོ་བྱིན་ཏེ་གསོ་མི་ སྤྱང་ཁྱི་ཚུ་ གཤག་བཅོས་འབད་བ་ཅིན་ རོ་ཁྱིའི་གྱངས་ཁ་ མར་ཕབ་འབད་ནི་ལུ་ ལྷན་ཐབས་འབད་ཚུགས་པའི་ཁར་ ས་གནས་དེ་ རོ་ཁྱི་དང་འབྲེལ་བའི་དཀའ་ངལ་མེད་པར་ ཉེན་སྲུང་ལྡནམ་སྦེ་ འགྱོ་འོང་ཟེར་ཨིན་པས།

ལས་རིམ་སྐབས་ ལྕམ་ཁར་ཁྲོམ་ཁའི་ ཚོང་པ་༢ བསྡོམས་ཏེ་ སྤྱང་ཁྱི་རེ་ བཟུང་བཞག་དགོཔ་བཞིན་དུ་ ལས་རིམ་དེ་ རྒེད་འོག་ནང་ འགོ་འདྲེན་འཐབ་་པའི་སྐབས་ མི་ཚུ་གིས་ རོ་ཁྱི་བཟུང་ནིའི་ནང་ རྒྱབ་སྐྱོར་འབད་དགོཔ་ཨིན་པས།

ལུང་ཕྱོགས་མདོ་ཆེན་གྱིས་ བཤད་མིའི་ནང་ ལས་རིམ་དེ་ འཕྲོ་མཐུད་ནིའི་དོན་ལུ་ མཇུག་བསྡུ་བའི་ཤུལ་ལས་ ལམ་སྟོན་ས་ཁྲ་ཅིག་བཟོ་སྟེ་ རྫོང་ཁག་བདག་སྐྱོང་ལུ་ རྩིས་སྤྲོད་ནི་ཨིན་ཟེར་ཨིན་པས།

ལས་རིམ་དེ་ སྤྱི་ཟླ་༩ པའི་ནང་ ཀྲོང་གསར་ལུ་ འགོ་འདྲེན་འཐབ་ནི་ཨིནམ་ད་ དེའི་ཤུལ་ལུ་ གསར་སྤང་ལུ་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། བུམ་ཐང་།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *