གསར་བསྒྲུབས་འབད་མི་ བུམ་ཐང་རྫོང་ཁག་གི་ རྩེད་རིགས་ཁང་།

བུམ་ཐང་རྫོང་ཁག་གི་ རྩེད་རིགས་ཁང་ གསར་བསྒྲུབས་འབད་ཡོདཔ།

༉ བུམ་ཐང་རྫོང་ཁག་ནང་ རྩེད་རིགས་ལུ་ དང་འདོད་ཡོད་མི་ཚུ་གིས་ འཕྲལ་མགྱོགས་ར་ རྩེད་རིགས་ཁང་གསརཔ་ནང་ རྩེད་ནིའི་གོ་སྐབས་འཐོབ་ཚུགས་ནི་ཨིནམ་ད་ དེ་ཡང་ ལྕམ་མཁར་ཁྲོམ་གྱི་ཉེ་འདབས་ལུ་ བཟོ་སྐྲུན་འབད་མི་ རྩེད་ཁང་གི་ལཱ་ཚུ་ མཇུག་བསྡུ་མི་ལུ་བརྟེན་ཨིན་པས།
ལྕམ་མཁར་ས་སྣུམ་ལྟེ་བའི་སྦོ་ལོགས་ཁར་ བཟོ་སྐྲུན་འབད་དོ་ཡོད་པའི་ རྩེད་ཁང་དེ་ནང་ བཱསི་ཀེཊ་བཱོལ་དང་ བེཊ་མིན་ཊཱོན་ དེ་ལས་ ལུས་རྩལ་རྩེད་ས་ཚུ་ཡོདཔ་མ་ཚད་ ཟ་ཁང་དང་ ཡིག་ཚང་ཚུ་ཡང་ ཡོདཔ་ཨིན་པས།
རྩེད་ཐང་བཟོ་སྐྲུན་གྱི་ལཱ་ཆེ་བ་ག་ར་ མཇུག་བསྡུ་ཡོདཔ་ད་ ད་རེས་ནངས་པར་ སྒོ་སྒྲིག་གི་ཤེལ་བཙུགས་ནི་དང་ ས་ཆ་སྙོམས་ནི་ དེ་བཟུམ་སྦེ་ ཕྱགས་བདར་རྐྱབ་ནིའི་ལཱ་ཚུ་ འབད་དོ་ཡོདཔ་ཨིན་པས།
ལས་འགུལ་དེ་ བྷུ་ཊཱན་བཟོ་སྐྲུན་ལས་སྡེ་གིས་འབད་དོ་ཡོདཔ་ད་ ལས་སྡེའི་ཇོ་བདག་ ཉེ་ཡུན་ཚེ་རིང་གིས་ སླབ་མིའི་ནང་ ལཱ་བརྒྱ་ཆ་༩༧ དེ་ཅིག་ མཇུག་བསྡུ་ཡོདཔ་ལས་ བདུན་ཕྲག་གཅིག་ནང་ རྩེད་ཁང་དེ་ འབྲུག་ཨོ་ལིམ་པིག་ཚོགས་པ་ལུ་ རྩིད་སྤྲོད་འབད་ནི་ཟེར་ཨིན་པས།
རྩེད་རིགས་ཁང་བཟོ་སྐྲུན་འབད་ནིའི་ལཱ་དེ་ སྤྱི་ལོ་༢༠༡༦ ལུ་ རྩིས་སྤྲོད་ཡོདཔ་ད་ ས་ཆ་བརྟན་ཏོག་ཏོ་མེདཔ་ལས་བརྟེན་ དེ་འཕྲོ་ལས་ ལཱ་འགོ་བཙུགས་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
ཉེ་ཡུན་ཚེ་རིང་གིས་ སླབ་མིའི་ནང་ ས་གནས་དེ་ འདམ་རྫབ་འབདཝ་ལས་ རྫོང་ཁག་བདག་སྐྱོང་གིས་ བརྟག་ཞིབ་འབད་དགོཔ་སྦེ་སླབ་སྟེ་ བརྟག་ཞིབ་འགོ་འདྲེན་འཐབ་རུང་ མཐར་འཁྱོལ་འབྱུང་མ་ཚུགས་ཟེར་ཨིན་པས།
དེ་འབདཝ་ལས་ བཟོ་བཀོད་བསྒྱུར་བཅོས་འབད་དགོཔ་ ཐོན་མི་ལུ་བརྟེན་ ལས་འགུལ་གྱི་ལཱ་དེ་ སྤྱི་ལོ་༢༠༡༦ ཟླ་༦ པའི་ནང་རྐྱངམ་གཅིག་ འགོ་བཙུགས་ཚུགས་ཅི་ཟེར་ཨིན་པས།
ཁག་འབགཔ་གིས་ སླབ་མིའི་ནང་ བཟོ་བཀོད་ངོ་མ་དེ་ སྤྱིར་བཏང་གི་ འགྱམ་བཙུགས་ནི་དེ་ཨིན་རུང་ ས་ཆ་བརྟན་ཏོག་ཏོ་མེདཔ་ལས་ འགྱམ་སོ་སོར་ཅིག་ བཙུགས་ནི་ལུ་ བསྒྱུར་བཅོས་འབད་དགོཔ་ཐོན་ཡི་ཟེར་ཨིནམ་ད་ ལཱ་འགོ་བཙུགས་ནིའི་དོན་ལུ་ ཤོར་ཐེངས་༤ དཔའ་བཅམ་དགོཔ་ཐོན་ཡི་ཟེར་ཨིན་པས།
རྩེད་རིགས་ཁང་དེ་ སྤྱི་ལོ་༢༠༡༨ ཟླ་༦ པའི་ནང་ མཇུག་བསྡུ་དགོཔ་ཨིན་རུང་ དུས་ཡུན་ཤོ་ཐེངས་༢ ཕར་འགྱངས་འབད་དགོཔ་ཐོན་ཡོདཔ་ཨིན་པས།
ཉེ་ཡུན་ཚེ་རིང་གིས་ སླབ་མིའི་ནང་ ཡུན་འགྱངས་ལུས་དགོ་མི་དེ་ཡང་ གནམ་དགུན་ཟླཝ་༣ གནམ་གཤིས་བསིལ་དྲགས་ལུ་བརྟེན་ ལཱ་འབད་མ་ཚུགསཔ་ལས་ བཟོ་བཀོད་བསྒྱུར་བཅོས་འབད་དགོཔ་ཐོན་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
བཟོ་སྐྲུན་ལས་འགུལ་དེའི་དོན་ལུ་ རྒྱ་གར་གཞུང་གིས་ དངུལ་ཀྲམ་ས་༧༣ ཟད་འགྲོ་བཏང་ཡོདཔ་ད་ རྩེད་རིགས་ཁང་དེ་ འབྲུག་ཨོ་ལོམ་པིག་ཚོགས་པ་གིས་ བུམ་ཐང་རྫོང་ཁག་ལུ་ འཕྲལ་མགྱོགས་ར་རྩིས་སྤྲོད་འབད་ནི་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། བུམ་ཐང་།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *