བུམ་ཐང་གི་ སོ་ནམ་པ་ཚུ་གིས་ ཕུན་ཚོགས་གླིང་ལུ་ རིན་བསྡུར་འབད་ནིའི་དོན་ལས་ ཀེ་བའི་དོ་ཚུ་ སྣུམ་འཁོར་ཊཱག་ནང་ བཙུགས་པའི་བསྒང་།

བུམ་ཐང་གི་ སོ་ནམ་པ་ཚུ་གིས་ རྫོང་ཁག་ནང་ ཀེ་བའི་རིན་བསྡུར་ཁང་ དགོ་པའི་ཞུ་བ།

༉ བུམ་ཐང་ལུ་ ཀེ་བ་བསྡུ་ནིའི་དུས་ཚོད་ཨིན་མི་དང་བསྟུན་ མི་སེར་སོ་ནམ་པ་ཚུ་གིས་ རྫོང་ཁག་ནང་འཁོད་ལུ་ རིན་བསྡུར་ཁང་ཅིག་ དགོཔ་སྦེ་སླབ་དོ་ཡོདཔ་ད་ དེ་ཡང་ བུམ་ཐང་རྫོང་ཁག་དེ་ ཀེ་བ་རིན་བསྡུར་དོན་ལས་ ཕུན་ཚོགས་གླིང་ལུ་ སྐྱེལ་འདྲེན་འབད་མི་ ཐག་རིང་ཤོས་ཅིག་ ཨིན་མི་ལུ་བརྟེན་ཨིན་པས།
ཀེ་བ་བཙུགས་སྟེ་ ཟླཝ་༥ དེ་ཅིག་ རི་དྭགས་སེམས་ཅན་དང་ ནད་འབུབ་ཚུ་ལས་ ཉེན་སྲུང་འབད་བའི་ཤུལ་ལུ་ མི་སེར་མང་ཤོས་ར་ ཀེ་བ་བསྡུ་ནིའི་ ལཱ་འབད་དོ་ཡོདཔ་མ་ཚད་ ལ་ལོ་ཅིག་ ཕུན་ཚོགས་གླིང་ལུ་ རིན་བསྡུར་འབད་བར་ འབག་ནིའི་དོན་ལུ་ གྲ་སྒྲིག་འབད་དོ་ཡོདཔ་ཨིན་པས།
གློག་ཐག་རཝ་གིས་ ཕན་ཐོགས་སྦོམ་བྱུང་ཡོདཔ་སྦེ་ བཤདཔ་ཨིན་རུང་ མི་སེར་ལ་ལོ་ཅིག་ ཨ་རྟག་ར་ ལོ་ཐོག་བསྲུང་བར་ འགྱོ་དོ་ཡོདཔ་སྦེ་ཨིན་པས།
མི་ཚུ་གིས་ སླབ་མིའི་ནང་ ཕུན་ཚོགས་གླིང་ལུ་ རིན་བསྡུར་དོན་ལས་ སྐྱེལ་འདྲེན་འབད་ནི་དེ་ གདོང་ལེན་ཅན་ཅིག་ཨིན་མས་ཟེར་ཨིནམ་ད་ དེའི་ནང་ལས་ ཆར་ཆུའི་དུས་ཚོད་ནང་ དཀའ་ངལ་སྦོམ་སྦེ་ར་ བྱུངམ་མས་ཟེར་ཨིན་པས།
དུར་ལས་ ལྷམ་རྡོ་རྗེ་གིས་ སླབ་མིའི་ནང་ གནམ་ཆརཔ་རྐྱབ་པའི་སྐབས་ ཕུན་ཚོགས་གླིང་ལྷོད་ལྷོད་ ཉིན་གྲངས་༤ དེ་རེ་ འགོར་དོ་ཡོདཔ་ལས་ ཀེ་བ་ཚུ་མེདཔ་ཐལ་ཏེ་ གོང་ཚད་ཡང་ ལེགས་ཤོམ་མི་འཐོབ་པས་ཟེར་ཨིན་པས།
དེ་མ་ཚད་ རིན་བསྡུར་འབད་ནིའི་དོན་ལུ་ ཞག་༣ ལྷགཔ་རེ་ བསྒུག་སྡོད་དགོ་མི་ལུ་བརྟེན་ ཟད་འགྲོ་སྦོམ་གནས་དོ་ཡོདཔ་བཞིན་དུ་ རྫོང་ཁག་ནང་ རིན་བསྡུར་འབད་ས་ཡོད་པ་ཅིན་ སྟབས་བདེ་ནི་མས་ཟེར་ཨིན་པས།
སྤྲ་དཀར་ལས་ ཚེ་དབང་རྡོ་རྗེ་གིས་ སླབ་མིའི་ནང་ བུམ་ཐང་ལས་ ཕན་ཚོགས་གླིང་ཚུན་ ཀེ་བ་སྣུམ་འཁོར་ཊཱག་༡ འབག་བསྐྱལ་ནི་ལུ་ གླ་ཆ་དངུལ་ཀྲམ་༢༠,༠༠༠ གནསཔ་མས་ཟེར་ཨིནམ་ད་ རིན་བསྡུར་ཁང་ཅིག་ ཉེ་འདབས་ལུ་ཡོད་པ་ཅིན་ སྟབས་བདེ་ནི་མས་ཟེར་ཨིན་པས།
དེ་མ་ཚད་ བུམ་ཐང་ལས་ སྐྱེལ་འདྲེན་འབད་ནིའི་དོན་ལུ་ སྣུམ་འཁོར་འཚོལ་ནི་དང་ འཁོར་ལམ་ཆད་པའི་ གནད་དོན་ཚུ་ལུ་ གཞི་བཞག་པ་ཅིན་ ས་གནས་ནང་ར་ རིན་བསྡུར་ཁང་དགོཔ་འདུག་ཟེར་ཨིན་པས།
མི་ཚུ་གིས་ སླབ་མའི་ནང་ སྲིད་ཚོགས་ཀྱི་ འདེམས་ངོ་ཚུ་གིས་ཡང་ རིན་བསྡུར་ཁང་ཅིག་ གཞི་བཙུགས་འབད་ནིའི་ ཁས་བླངས་འབད་ཡོདཔ་ཨིན་རུང་ ད་ལྟོ་ཚུན་ ལོ་རྒྱུས་ག་ནི་ཡང་ མིན་འདུག་ཟེར་ཨིན་པས།
འབྲུག་ཟ་སྤྱོད་ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ གནས་བརྟན་དབང་ཕྱུག་གིས་ སླབ་མིའི་ནང་ ན་ཧིང་ བུམ་ཐང་ལུ་ གྲོས་བསྡུར་ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ བུམ་ཐང་གི་ མི་སེར་ཚུ་གིས་ ཕུན་ཚོགས་གླིང་ལུ་ ལོ་བསྟར་བཞིན་དུ་ ཉོ་ཚོང་རྐྱབ་པར་ འགྱོ་དགོ་མི་ལུ་བརྟེན་ ཀེ་བ་འབག་འོང་ནིའི་ དང་འདོད་ཡོད་ལུགས་ཚུ་ བཤདཔ་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ལས་འཛིན་གྱི་ཁ་ཐུག་ལས་ ཀེ་བ་ཚུ་ དབྱེ་བ་ཕྱེ་ནིའི་འཕྲུལ་ཆས་དང་ མཛོད་ཁང་ཅིག་བཟོ་སྐྲུན་འབད་ནིའི་སྐོར་ལས་ གྲོས་བསྡུར་འབད་ཡི་ཟེར་ཨིནམ་ད་ མི་སེར་ཚུ་གིས་ ཕུན་ཚོགས་གླིང་ལུ་ གོང་ཚད་ཡང་ ལེགས་ཤོམ་འཐོབ་དོ་ཡོདཔ་ལས་ ཕུན་ཚོགས་གླིང་ལུ་ར་ འབག་བསྐྱལ་ནིའི་ དང་འདོད་བཤདཔ་ལས་ འཆར་གཞི་དེ་ ལག་ལེན་འཐབ་མ་ཚུགས་ཟེར་ཨིན་པས།
ཨིན་རུང་ མི་སེར་ཚུ་གིས་འབད་བ་ཅིན་ ཕུན་ཚོགས་གླིང་ལུ་ རིན་བསྡུར་འབད་བར་འབག་ནིའི་ དང་འདོད་བསྐྱེད་མི་ དག་པ་ཅིག་ལས་བརྒལ་མེད་ཟེར་ ཨིན་པས།
བཀོད་ཁྱབ་གཙོ་འཛིན་འགོ་དཔོན་གྱིས་ སླབ་མིའི་ནང་ རིན་བསྡུར་ཁངཅིག་ བཟོ་སྐྲུན་འབད་ནིའི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༢༥ དེ་ཅིག་ གནས་འོང་ཟེར་ཨིནམ་ད་ རིན་བསྡུར་ཁང་བཟོ་སྐྲུན་འབད་ནི་མེན་པར་ མཛོད་ཁང་དང་ ཀེ་བའི་སྤུས་ཚད་ དབྱེ་བ་ཕྱེ་ནིའི་ འཕྲུལ་ཆས་ཅིག་ གཞི་བཙུགས་འབད་ཞིནམ་ལས་ ཡོངས་འབྲེལ་ཐོག་ལས་ རིན་བསྡུར་འབད་ཚུགས་ཟེར་ཨིན་པས།
བུམ་ཐང་རྫོང་ཁག་བདག་སྐྱོང་གིས་འབད་བ་ཅིན་ ལོ་༥ འི་འཆར་གཞི་༡༢ པའི་ནང་ རིན་བསྡུར་ཁང་བཟོ་སྐྲུན་གྱི་དོན་ལུ་ འཆར་དངུལ་བགོ་བཀྲམ་མ་འབད་ཟེར་ ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ།་ བུམ་ཐང་།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *