༉ སྤྱི་ཟླ་༧ པའི་ཚེས་༡༣ ལས་འགོ་བཙུགས་མི་ བུམ་ཐང་གི་ ལོ་བསྟར་སྨོན་ལམ་ཆེན་མོ་ ཐེངས་༢༤ པ་དེ་ སྤྱི་ཚེས་༡༩ ལུ་ མཇུག་བསྡུ་ཡོདཔ་ད་ དེ་གི་སྐབས་ལུ་ གཏན་རྩ་མ་དངུལ་ དངུལ་ཀྲམ་ས་ཡ་༢༣༠ དེ་ཅིག་ བསྡུ་གསོག་འབད་ཚུགས་མི་དེ་ ད་ལྟོ་ཚུན་ རྫོང་ཁག་ཚུ་གི་གྲས་ལས་ མཐོ་ཤོས་ཅིག་ཨིན་པས།
དངུལ་བསྡོམས་དེ་ཡང་ ཉིན་གྲངས་༩ གི་རིང་ བསྡུ་གསོག་འབད་ཡོདཔ་བཞིན་དུ་ ཧེ་མའི་མ་དངུལ་ དངུལ་ཀྲམ་ས་ཡ་༨༠ ཡོད་མི་དེ་ གཅིག་ཁར་བསྡབས་ཐོག་ལས་ དངུལ་ཀྲམ་ས་ཡ་༣༡༠ ལྷགཔ་ཅིག་ བཟོ་ཚུགས་ཡོདཔ་ཨིན་པས།
དེ་དང་འཁྲིལ་ ད་ལས་ཕར་ བུམ་ཐང་གི་ ལོ་བསྟར་སྨོན་ལམ་ཆེན་མོ་དེ་ མ་དངུལ་དེ་ལུ་བརྟེན་ དངུལ་ཁང་ནང་ལས་ཐོབ་མི་ སྐྱེད་ལག་ལེན་ཐོག་ལས་ འགོ་འདྲེན་འཐབ་ནི་ཨིན་པས།
གྲྭ་ཚང་གི་རྩིས་འཛིན་པ་ སློབ་དཔོན་བསོད་ནམས་ཡེ་ཤེས་ཀྱིས་ བཤད་མིའི་ནང་ ན་ཧིང་ཚུན་འབད་བ་ཅིན་ བུམ་ཐང་གི་ ལོ་བསྟར་སྨོན་ལམ་ཆེན་མོ་དེ་ བུམ་ཐང་ལུ་ཡོད་པའི་ གྲྭ་ཚང་༧ གྱིས་ བསྐོར་རྒྱབ་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ཨིན་རུང་ དུས་ཅི་ལས་འགོ་བཙུགས་ རྫོང་ཁག་གཞན་ཚུ་ནང་བཟུམ་སྦེ་ རྫོང་ཁག་དང་ གྲྭ་ཚང་གཉིས་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ནི་ཨིན་ཟེར་ཨིན་པས།
དེ་གི་དོན་ལུ་ དུས་ཅི་ སྨོན་ལམ་ཆེན་མོའི་ བཀོད་ཚོགས་ཅིག་ཡང་ གཞི་བཙུགས་འབད་ཡོདཔ་ཨིན་པས།
དེ་བསྒང་འབད་བ་ཅིན་ ཧེ་མ་ འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་ཚོགས་པ་གིས་ གཞི་བཙུགས་འབད་མི་ མ་དངུལ་དེ་གི་ སྐྱེད་ལག་ལེན་འཐབ་སྟེ་ སྨོན་ལམ་ཆེན་མོ་ འགོ་འདྲེན་འཐབ་ཡོདཔ་ད་ ཟད་འགྲོ་ཧེང་སྐལ་གཏང་དགོ་རུང་ འགོ་འདྲེན་འཐབ་མི་ གྲྭ་ཚང་དེ་གིས་ གཏང་དགོཔ་ལས་ ཞལ་འདེབས་ཚུ་ཡང་ གྲྭ་ཚང་རང་སོ་གིས་ འབག་འགྱོཝ་ཨིན་ཟེར་ཨིན་པས།
ཧེ་མའི་ འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོའི་ ཚོགས་པ་དེ་གིས་ཡང་ དུས་ཅི་གི་ སྨོན་ལམ་ཆེན་མོ་ནང་ གྲལ་གཏོགས་འབད་དེ་ མ་དངུལ་ཚུ་ཡང་ རྩིས་སྤྲོད་འབད་ཡོདཔ་ཨིན་པས།
སློབ་དཔོན་བསོད་ནམས་ཡེ་ཤེས་ཀྱིས་ བཤད་མིའི་ནང་ གཏན་རྩ་མ་དངུལ་གྱི་དོན་ལུ་ ཞལ་འདེབས་མཐོ་ཤོས་དེ་ རྒྱལ་ཁབ་ཀྱི་ ས་གནས་ཁག་ཚུ་ནང་ཡོད་པའི་ བུམ་ཐང་ལས་ཨིན་མི་ ཞི་གཡོགཔ་ཚུ་གིས་ དངུལ་ཀྲམ་འབུམ་༥༠ འབད་མི་དེ་ཨིན་ཟེར་ཨིན་པས།
དེ་གི་འོག་ལས་ར་ ད་རེས་ བུམ་ཐང་ལུ་ ཕྱག་ཞུ་སྟེ་སྡོད་མི་ ཞི་གཡོགཔ་ཚུ་གིས་ དངུལ་ཀྲམ་འབུམ་༢༢ འབད་མི་དེ་ ཨིན་ཟེར་ཨིན་པས།
དེ་ལས་ བུམ་ཐང་ཁྲོམ་ཁར་སྡོད་མི་དང་ བུམ་ཐང་གི་ཁག་འབགཔ་ བུམ་ཐང་ལུ་ཡོད་པའི་ ལས་སྡེ་དང་ ལས་ཁུངས་ཁག་ཚུ་གིས་ཡང་ ཞལ་འདེབས་ཚུ་ གནང་སྟེ་ཡོད་ཟེར་ཨིན་པས།
བུམ་ཐང་གི་འོག་ལས་ར་ ཧཱ་རྫོང་ཁག་ནང་ གཏན་རྩ་མ་དངུལ་ས་ཡ་༢༠༠ དེ་ཅིག་ ཡོདཔ་ཨིན་པས།
མཐོ་ཤོས་ཅིག་སྦེ་ སྡོད་ཡོདཔ་ཨིན་རུང་ ད་ལས་ཕར་ བུམ་ཐང་རྫོང་ཁག་ནང་ མཐོ་ཤོས་ཐོན་སོ་ནུག།
མ་གཞི་ བུམ་ཐང་བྱམས་པ་ལྷ་ཁང་ལུ་སྦེ་ ལོ་བསྟར་སྨོན་ལམ་ཆེན་མོ་ གཞི་བཙུགས་འབད་དེ་ ལོ་ངོ་མང་རབས་ཅིག་ ལང་ཡོདཔ་ཨིན་རུང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དབུ་བཞུག་ཐོག་ལས་གནང་མི་དེ་ དུས་ཅི་ འགོ་དང་པ་ཨིན་པས།
དེ་མ་ཚད་ རྫོང་ཁག་གཞན་ཚུ་ནང་འབད་བ་ཅིན་ སྨོན་ལམ་ཆེན་མོ་དེ་ ཉིན་གྲངས་༧ རེ་གི་རིང་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་རུང་ བུམ་ཐང་ལུ་ ཉིན་གྲངས་༩ གི་རིང་ གནང་ཡོདཔ་མ་ཚད་ མི་མང་ལུ་ ཞབས་དྲུང་བདག་སྣང་མའི་ དབང་གནང་ཡོདཔ་ད་ སྤྱི་ཟླ་༧ པའི་ཚེས་༢༡ ལུ་ རི་བོ་བསངས་མཆོད་རྒྱས་པར་ གནང་ཡོདཔ་ཨིན་པས།
རྫོང་ཁག་གཞན་ ག་རའི་ནང་ དུས་ཅི་གི་ སྨོན་ལམ་ཆེན་མོ་ མཇུག་བསྡུ་ཡོདཔ་བཞིན་དུ་ བུམ་ཐང་དེ་ རྫོང་ཁག་མཇུག་ཨིན་པའི་གནས་ཚུལ།
ཉི་མ་དབང་འདུས།