བི་སྟོབས་གཞི་ཚོགས་ནང་ ན་གཞོན་འཐུས་མི་ ཁས་བླངས་པ་༨ ཡོདཔ་ཨིན་པས།

བི་སྟོབས་གཞི་ཚོགས་ཀྱིས་ ཤེས་རིག་གི་ འབྲེལ་འཛིན་ལུ་ ལྷན་ཐབས་འབད་ནི།

༉ ན་ཧིང་ རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ སློབ་གྲྭ་ཚུ་ སྒོ་བསྡམས་བཞག་པའི་སྐབས་ སློབ་ཕྲུག་ཚུ་ འབྲེལ་འཛིན་སྦེ་ བཞག་ནིའི་དོན་ལུ་ རྒྱལ་ཁབ་ཀྱི་ སློབ་དཔོན་ཁས་བླངས་པ་སྡེ་ཚན་ ཡོངས་གྲགས་ལུ་ བི་སྟོབས་ཟེར་མི་ཅིག་གིས་ སློབ་ཕྲུག་ཚུ་ལུ་ ཡོངས་འབྲེལ་དང་ རྒྱང་མཐོང་ཐོག་ལས་ སློབ་སྟོན་འབད་ནི་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

བི་སྟོབས་དེ་ སློབ་གྲྭའི་སློབ་དཔོན་ཅིག་གིས་ འགོ་འདྲེན་འཐབ་སྟེ་ ཤེས་རིག་ལྷན་ཁག་ལས་ རྒྱབ་སྐྱོར་ཐོག་ གཞི་བཙུགས་འབད་ཡོདཔ་ཨིན་པས།

སྡེ་ཚན་གྱིས་ རྒྱལ་ཁབ་ཀྱི་ སློབ་དཔོན་ཚུ་གི་དོན་ལུ་ ཁས་བླངས་ཀྱི་ཞབས་ཏོག་ རྒྱང་བསྒྲགས་སློབ་ཚན་དང་ རེ་ཌིའོ་ དེ་ལས་ རང་ཉིད་སློབ་སྟོན་མཁོ་ཆས་ཚུ་ བཟོ་ཡོད་པའི་ཁར་ ཀོ་བིཌ་-༡༩ ལུ་བརྟེན་ སློབ་གྲྭ་ཚུ་ སྒོ་བསྡམས་བཞགཔ་ད་ སློབ་ཕྲུག་ཚུ་གིས་ འཕྲོ་མཐུད་དེ་ར་ ཤེས་ཡོན་བལྟ་ནིའི་དོན་ལུ་ ཤེས་ཡོན་དང་འབྲེལ་བའི་ ལས་རིམ་མ་འདྲཝ་ཚུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

ཨིན་རུང་ གསར་གཏོད་དང་ རིག་གསར་ དེ་ལས་ ཁས་བླངས་འགོ་འདྲེན་ཐོག་ལས་ ཤེས་རིག་གི་ འབྲེལ་འཛིན་ཡར་དྲག་གཏང་ནི་ཨིན་མི་ བི་སྟོབས་དེ་ མི་སྡེ་ལུ་ གཞི་བཞག་པའི་ ལས་སྡེ་ཅིག་སྦེ་ ད་རེས་ ཐིམ་ཕུག་ལུ་ གཞི་ཚོགས་གྲངས་སུ་ གཞི་བཙུགས་འབད་ནུག།

གཞི་ཚོགས་ཀྱིས་ གཞུང་མིན་ལས་ཚོགས་ཅིག་སྦེ་ གཞི་བཙུགས་འབད་ནིའི་དོན་ལུ་ ཐོ་བཀོད་ཡི་གུ་ བཙུགས་ཏེ་ཡོདཔ་ཨིན་པས།

དུས་ཅི་ སྤྱི་ཟླ་༢ པ་ལས་ སློབ་དཔོན་ལས་ དགོངས་ཞུ་འབད་དེ་ བི་སྟོབས་གཞི་བཙུགས་འབད་མི་ བསོད་ནམས་ནོར་བུ་གིས་ སླབ་མིའི་ནང་ བི་སྟོབས་དེ་ ཁོ་གིས་ འགོ་འདྲེན་ཐོག་ལས་ སློབ་དཔོན་ཁས་བླངས་པ་ སྡེ་ཚན་ཅིག་གིས་ གློ་བུར་སྐབས་ སློབ་ཕྲུག་ཚུ་ འབྲེལ་འཛིན་སྦེ་ བཞག་ཐབས་ལུ་ གཞི་བཙུགས་འབད་ཡི་ཟེར་ཨིན་པས།

མ་གཞི་ སློབ་དཔོན་ཁས་བླངས་པའི་ སྡེ་ཚན་ནང་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་དཔོན་༦,༠༠༠ དེ་ཅིག་ འཐུས་མི་སྦེ་ཡོད་རུང་ ད་རེས་ གཞི་ཚོགས་ལུ་ སོར་བསྒྱུར་འབད་བའི་ཤུལ་ལས་ གཞི་བཙུགས་འབད་མི་བརྩིས་ཏེ་ ན་གཞོན་འཐུས་མི་ ཁས་བླངས་པ་༨ ཡོདཔ་ཨིན་པས།

འཐུས་མི་༢ མཐོ་རིམ་སློབ་གྲྭའི་ སློབ་ཕྲུག་ཨིནམ་ལས་ རྒྱང་རིང་ཐོག་ལས་དང་ འཐུས་མི་༡ ངལ་གསོའི་སྐབས་ ལཱ་འབད་དོ་ཡོདཔ་ད་ འཐུས་མི་གཞན་ཚུ་ འཕྲལ་ཁམས་ཅིག་ཁར་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་ཡོདཔ་ཨིན་པས།

གཞི་ཚོགས་ཀྱིས་ ཤེས་རིག་ལྷན་ཁག་ལུ་ ཤེས་རིག་གྱི་སྤུས་ཚད་ ཡར་དྲག་གཏང་ནི་ལུ་ ལྷན་ཐབས་འབད་ནི་ཨིནམ་ད་ བསོད་ནམས་ནོར་བུ་གིས་ སླབ་མིའི་ནང་ ཤེས་རིག་དང་འབྲེལ་བའི་ ཞིབ་འཚོལ་ཐོག་ ཤེས་རིག་ལེགས་བསྒྱུར་འབད་ནི་ལུ་ རྒྱབ་སྐྱོར་འབད་ནི་ཟེར་ཨིན་པས།

ཞིབ་འཚོལ་དེ་ཡང་ སློབ་གྲྭ་དང་ སློབ་ཕྲུག་གི་ ཕམ་ཚུ་ལས་ མཉམ་འབྲེལ་དང་ བརྡ་དོན་འཕྲུལ་རིག་ལག་ལེན་འཐབ་སྟེ་ འབད་ནི་ཨིནམ་ད་ ད་རུང་ འགྲུལ་སྐྱོད་བཀག་དམ་འབད་བ་ཅིན་ ག་དེ་སྦེ་ འབད་ནི་ཨིན་ན་དང་ དེང་སང་གི་ ཤེས་རིག་གནས་དེབ་དང་ གནས་སྡུད་ཅིག་ཡང་ བཟོ་ནི་གི་ ལས་འཆར་ཡོད་ཟེར་ བཤདཔ་ཨིན་པས།

བསོད་ནམས་ནོར་བུ་གིས་ སླབ་མིའི་ནང་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་དང་ མཉམ་འབྲེལ་ཐོག་ལས་ ཨ་ལོའི་ཕམ་ཚུ་ལུ་ ཌི་ཇི་ཊཱལ་འབྲི་ལྷག་ཤེས་ཡོན་གྱི་ སྦྱོང་བརྡར་བྱིན་ནི་གི་ ལས་རིམ་ཡང་ བརྩམས་ཏེ་ཡོད་མི་དེ་ཡང་ ཕམ་ཚུ་གིས་ རང་སོའི་ཨ་ལོ་ཚུ་ལུ་ སློབ་སྟོན་ཐབས་ལུ་ཨིནམ་མ་ཚད་ ལྷག་ནི་ལུ་ཡང་ གཙོ་བོར་བཟུང་འོང་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *