༉ བི་བི་ཨའི་ཨེན་ཟེར་ འབྲུག་དང་ བང་ལ་དེཤ་ རྒྱ་གར་ དེ་ལས་ ནེ་པཱལ་རྒྱལ་ཁབ་༤ གི་བར་ན་ ཐོགས་ཆགས་མེད་པའི་ སྣུམ་འཁོར་རྒྱུན་འགྲུལ་འཐབ་ནིའི་ ཆིངས་ཡིག་གུ་ གཞུང་གི་གནས་རིམ་ནང་ མཚན་རྟགས་བཀོད་ཞིནམ་ལས་ཚུར་ རྩོད་རྙོགས་ཅན་ལུ་ གྱུར་ཡོདཔ་ཨིན།
ཨིན་རུང་ ཆིངས་ཡིག་དེ་ སྤྱི་ཟླ་༦ པའི་ཚེས་༡༥ ལུ་ སྤྱི་ཚོགས་ལྷན་བཞུགས་ཀྱིས་ ཕར་བཤུད་རྐྱབ་ནི་དེ་གིས་ ད་ལྟོའི་གཞུང་སྐྱོང་གི་ གནས་ཡུན་སྐབས་ ངོས་ལེན་ཆ་འཇོག་འགྲུབ་ནི་བཟུམ་ཅིག་ མི་མཐོང་པས།
ཕྱིར་འགྱངས་འབད་དགོ་མི་དེ་ཡང་ ཆིངས་ཡིག་དེ་གི་ ཕན་གནོད་ཚུ་གི་སྐོར་ལས་ མཉམ་འབྲེལ་ཚོགས་ཆུང་གིས་ཞལ་འཛོམས་ཐེངས་༥ དེ་ཅིག་ གྲོས་བསྡུར་འབད་བའི་སྐབས་ གྲོས་འཆམ་བྱུང་མ་ཚུགས་པའི་ཁར་ སྤྱི་ཚོགས་ལྷན་བཞུགས་ནང་ཡང་ འཐུས་མི་མང་ཤོས་ཅིག་གིས་ ངོས་ལེན་རྒྱབ་སྐྱོར་མ་གནང་མི་ལུ་བརྟེན་ཨིན་མས།
འདས་པའི་ལོ་༢ ཀྱི་རིང་ གཞུང་གིས་ ཐོགས་ཆགས་མེད་པའི་ སྣུམ་འཁོར་ཆིངས་ཡིག་དེ་ ཆ་འཇོག་འགྲུབ་ནིའི་དོན་ལུ་ རྒྱལ་ཡོངས་ཚོགས་འདུ་ནང་ བརྩོན་ཤུགས་བསྐྱེད་ཡོད་རུང་ ལྡོག་ཕྱོགས་ཚོགས་པའི་ཧོངས་ལས་ རྒྱབ་སྐྱོར་ལེགས་ཤོམ་ ཐོབ་མ་ཚུགས་པའི་ཁར་ རྒྱལ་ཡོངས་ཚོགས་སྡེ་གིས་ཡང་ རྒྱབ་འགལ་འབད་ཡི།
འདི་བཟུམ་མའི་ དགག་ཆ་དང་ རྒྱབ་སྐྱོར་མ་འབད་མི་དེ་ དམངས་གཙོའི་རིང་ལུགས་ཀྱི་ གཞི་རྩ་དང་འཁྲིལ་ཨིནམ་ད་ གནད་དོན་ག་ཅི་ར་ཨིན་རུང་ རྒྱལ་ཡོངས་ལུ་ ཕན་པ་ལས་ གནོད་པ་ཆེ་ཉེན་ཡོད་པ་ཅིན་ ངེས་པར་དུ་ བཀག་འཛིན་འབད་ནི་དེ་གལ་ཆེ།
འབྲུག་བཟུམ་མའི་ རྒྱལ་ཁབ་ཆུང་ཀུ་འདི་ནང་ རྒྱལ་ཁབ་གཞན་ཚུ་གི་ སྣུམ་འཁོར་ཚུ་ ཐོགས་ཆགས་མེད་པར་ འོང་བཅུག་པ་ཅིན་ ཧེ་མ་ལས་ སྣུམ་འཁོར་ཚད་འཛིན་འབད་མ་ཚུགས་པའི་ དཀའ་ངལ་ཡོད་མི་གུ་ ད་རུང་ དཀའ་ངལ་ཐེབས་ བྱིན་ནི་གི་ ཉེན་ཁ་ཡོད་མི་དེ་ཡང་ གན་ཡིག་དང་འཁྲིལ་བ་ཅིན་ རྒྱལ་ཁབ་༣ གྱི་ སྣུམ་འཁོར་ཚུ་ རྒྱལ་ཁབ་ནང་ ཐོགས་ཆགས་མེདཔ་སྦེ་ བདའ་འོང་ནིའི་ དབང་ཚད་ཡོད་མི་ལུ་བརྟེན་ཨིན་མས།
ད་རེས་ནངས་པར་ འབྲུག་རྒྱལ་ཁབ་ནང་ སྣུམ་འཁོར་གྱི་གྱངས་ཁ་༨༧,༦༡༢ ལྷགཔ་ཅིག་ལུ་ ལྷོད་ཡོད་མི་དེ་ རྒྱལ་ཁབ་ཀྱི་ མི་རློབས་དང་ སའི་ཁྱབ་ཚད་དང་འཁྲིལ་བ་ཅིན་ ཚད་ལས་བརྒལ་དོ་བཟུམ་མཐོངམ་ལས་ ཕྱིའི་རྒྱལ་ཁབ་ཀྱི་ སྣུམ་འཁོར་འོང་བཅུག་པ་ཅིན་ ལྷག་པར་དུ་ ས་གོ་དོག་དྲགས་བཟོ་ནི་དང་ མཐའ་འཁོར་གནས་སྟངས་ཡང་ བཙོག་པ་བཟོ་ནི་གི་ འོས་འབབ་སྦོམ་ཡོད།
གཞུང་གིས་འབད་བ་ཅིན་ སྣུམ་འཁོར་གྱི་ གན་ཡིག་ལུ་བརྟེན་ ཕན་ཚུན་རྒྱལ་ཁབ་ཚུ་གི་བར་ན་ མཐུན་ལམ་རྩ་བརྟན་བཟོ་ཚུགས་ནི་ཨིནམ་མ་ཚད་ དཔལ་འབྱོར་ཡང་ གོང་འཕེལ་གཏང་ཚུགས་པའི་ དམིགས་གཏད་བསྐྱེད་མི་དེ་ ཐབས་ལམ་ལེགས་ཤོམ་ཅིག་ཨིན་མས།
འདི་འབདཝ་ད་ མཐུན་ལམ་དེ་ སྣུམ་འཁོར་རྐྱངམ་གཅིག་མེན་པར་ ཐབས་ལམ་གཞན་ཚུ་གི་ཐོག་ལས་ཡང་ གོང་འཕེལ་གཏང་ཚུགས་པའི་ འོས་འབབ་ཡོདཔ་ལས་ ཆིངས་ཡིག་ཆ་འཇོག་གྲུབ་མ་ཚུགས་མི་དེ་ལུ་ ཐུགས་ཚ་གྱང་བཞེས་དགོཔ་ཅིག་མིན་འདུག།
ག་འཆརཔ་ཟེར་བ་ཅིན་ སྲིད་བྱུས་དང་ ལམ་ཚུགས་ག་ཅི་ར་རྩམ་རུང་ འཕྲལ་དང་ཕུགས་༢ ཆ་ར་ལུ་ ཕན་ཐོགས་ཡོད་པ་ཅིན་ འབྲུག་རྐྱངམ་གཅིག་མིན་པར་ རྒྱལ་ཁབ་གཞན་ཚུ་ལུ་ཡང་ ཕན་ཐོགས་འབྱུང་ནི་ཨིནམ་ལས་ ཡུན་བརྟན་དང་ མ་འོངས་བུ་བརྒྱུད་ཚུ་ལུ་ ཕན་ཐོགས་ཡོད་པའི་ ལམ་ལུགས་བརྩམ་ནི་དེ་ཁག་ཆེ།
ད་རེས་གཞུང་གི་ གནས་ཡུན་སྐབས་ སྤྱི་ཚོགས་༢ པའི་ཚོགས་ཐེངས་མཇུག་དེ་ གནམ་དགུན་རྐྱངམ་གཅིག་ཨིནམ་ལས་ གལ་སྲིད་ ཐོགས་ཆགས་མེད་པའི་ ཆིངས་ཡིག་དེ་གིས་ རྒྱལ་ཁབ་ཚུ་ནང་ ཕན་ཐོགས་འབྱུང་ནི་ཨིན་པ་ཅིན་ གཞུང་གསརཔ་ ག་འོང་རུང་ དཔྱད་ཡིག་གསརཔ་སྦེ་ གྲོས་གཞི་བཙུགས་ཐོག་ལས་ གྲོས་བསྡུར་གནང་དགོཔ་འོང་ཟེར་ ཞུ་ནི་ཨིན།
Check Also
ཨེཆི་ཨའེ་བི་/ཨེཌསི་ཐོབ་མིའི་གནད་དོན་ ཚ་གྱང་ཅན་ལུ་གྱུར་ཡོདཔ།
༉ རྒྱལ་ཁབ་ནང་ ད་རུང་ ཨེཆི་ཨའེ་བི་/ཨེཌསི་ཐོབ་མི་༣༩ ལྷགཔ་ཅིག་ ཐོ་བཀོད་འབད་ཡོདཔ་ཨིན་མས། འབྲུག་གིས་ སྤྱི་ལོ་༢༠༣༠ འི་ནང་འཁོད་ལུ་ ཨེཆི་ཨའེ་བི་/ཨེཌསི་ནད་ཡམས་ རྩ་མེད་གཏང་ནི་གི་ རྒྱལ་ཡོངས་དམིགས་ཡུལ་འགྲུབ་ཐབས་ལུ་ བརྩོན་ཤུགས་བསྐྱེད་རུང་ ལོ་ཨ་རྟག་ར་ ནད་འབུབ་ཐོབ་མིའི་གྱངས་ཁ་ …