མེ་གིས་འཚིགས་མི་ བཱསི།

བཱསི་མེ་གིས་འཚིགས་མི་དེ་ གློག་ལམ་སྐྱོན་ཞུགས་ལུ་བརྟེན་ཨིནམ།

༉ ཕུན་ཚོགས་གླིང་ལུ་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་ འགྲུལ་འཁོར་བཱསི་བཞག་སར་ སུ་བཱསི་འགྲུལ་སྐྱེལ་བཱསི་དེ་ སྤྱི་ཟླ་༡༢ པའི་ཚེས་༡ གི་དྲོ་པར་ གློག་རྒྱུན་རེག་མི་ལུ་བརྟེན་ བཱསི་གུ་མེ་ཟུན་པའི་ཤུལ་ལུ་ འཕྲུལ་ཨམ་ཨིན་ཇིན་ལག་ལེན་འགོ་བཙུགས་ཏེ་ སྐད་ཤུགས་སྦེ་ འགྲུལ་སྐྱོད་འབདཝ་ད་ སྐྱེལ་འདྲེན་དབང་འཛིན་གྱི་ སྒྲིང་ཁྱིམ་གུ་ ཕོག་ནུག་ཟེར་ ཁྲིམས་སྲུང་འགག་པའི་ ཞིབ་དཔྱད་གྲུབ་འབྲས་ནང་བཀོད་ནུག།
དེ་ཡང་ ཕུན་ཚོགས་གླིང་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱིས་ འགོ་ཁྲིད་ཐོག་ ཁྲིམས་སྲུང་འགག་སྡེ་དང་ འབྲུག་ཚོང་འབྲེལ་ལས་འཛིན་ འབྲུག་རྒྱལ་གཞུང་ཉེན་བཅོལ་ལས་འཛིན་ཚུ་གིས་ མཉམ་འབྲེལ་ཐོག་ལས་ ཞིབ་དཔྱད་རྐྱབ་ད་ འགྲུལ་སྐྱེལ་བཱསི་ལུ་ རྣམ་རྟོག་ལང་སི་སི་སྦེ་ མེ་རྐྱེན་བྱུང་མི་དེ་ལུ་ གཞན་གྱིས་མེ་སྤར་བའམ་ གནོད་བཀལ་གྱི་ ལཱ་བྱ་འཐབ་འཐབ་མེད་པའི་ མངོན་གསལ་བྱུང་ནུག།
ཀཱོསི་ཊར་བཱསི་དེ་ རྒྱུན་སྐྱོང་གི་དོན་ལུ་བཞག་སྟེ་ ལམ་འགྲུལ་མ་འབད་བར་ ཉིན་གྲངས་༡༥ དེ་ཅིག་ ལང་ཡོད་པའི་ ཤེས་རྟོགས་བྱུང་ཡོདཔ་ད་ བཱསི་དེ་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་ལུ་ སྣུམ་འཁོར་བཅོ་ཁང་ཅིག་ནང་ བཅོ་ནུག་ཟེར་ཨིན་པས།
མ་གཞི་ མེ་རྐྱེན་བྱུང་མིའི་ རྒྱུ་རྐྱེན་ངོ་མ་དེ་ གཏན་འཁེལ་སྦེ་ སླབ་ཚུགས་པར་ ལཱ་ཁག་ཡོད་རུང་ འབྲུག་ཚོང་འབྲེལ་ལས་འཛིན་གྱིས་འབད་བ་ཅིན་ གདོང་སོ་ཅན་གྱི་སྲོག་ཆགས་ བྱི་ཙི་བཟུམ་ཚུ་ བཱསི་ནང་ན་འཛུལ་ཏེ་ གློག་ཐག་ཚུ་ མེདཔ་བཏང་ཡོདཔ་ འོང་ནི་མས་ཟེར་ཨིན་པས།
འགྲུལ་འཁོར་བཱསི་དེ་ རྒྱུན་སྐྱོང་འབད་ཚརཝ་ཅིག་ ཆུ་བཤལ་རྐྱབ་ཡོདཔ་ལས་ དེ་བསྒང་ གློག་ལམ་སྐྱོན་ཞུགས་མི་ལས་ མེ་ཟུན་ཟུནམ་བཟུམ་ཅིག་འདུག་ཟེར་ ཞིབ་དཔྱད་སྙན་ཞུ་ནང་བཀོད་ནུག།
ལོ་༧ ལང་མི་ བཱསི་དེ་ ས་ཁོངས་ནང་ བཀག་བཞག་ཡོདཔ་མ་ཚད་ བསྒྱིར་འཕྲུལ་གེར་ནང་ བཙུགས་བཞག་ཡོདཔ་ལས་ མེ་ཟུན་པའི་སྐབས་ ནང་ན་དྲོད་བཏགས་མི་ལུ་བརྟེན་ ཨིན་ཇིན་ལག་ལེན་ཐོག་ འགྲུལ་སྐྱོད་འབད་ནི་ འགོ་བཙུགས་ནུག་ཟེར་བཀོད་ནུག།
བྱུང་རྐྱེན་སྐབས་མཐོང་མི་ ལམ་འགྲུལ་ཉེན་སྲུང་དང་ སྐྱེལ་འདྲེན་དབང་འཛིན་གྱི་སྲུང་རྒྱབ་ སྤེན་པ་ཏ་མང་དང་ བཱསི་གི་དེད་གཡོགཔ་ ཚེ་བརྟན་ཚེ་རིང་གིས་ ངག་བརྗོད་ནང་ ཁོང་གིས་མཐོང་པའི་བསྒང་ལས་ བཱསི་གི་ཌེཤ་བཱོཌ་ཟེར་མི་ དེད་གཡོག་པའི་གདོང་ཁར་ མགྱོགས་ཚད་དང་ སྣུམ་ཚད་ལ་སོགས་པ་སྟོན་པའི་སྟེགས་གུ་ལས་ མེ་འབར་སར་དང་ དེ་གི་ཤུལ་ལས་ འཕྲུལ་ཨམ་ལག་ལེན་འགོ་བཙུགས་ཏེ་ དབང་འཛིན་གྱི་ སྒྲིང་ཁྱིམ་ཁ་ཐུག་ལུ་ བཱསོ་ཁོ་ར་གིས་འགྱོ་སར་ མཐོང་ཅི་ཟེར་བཀོད་ནུག།
རྐྱེན་ངན་དེ་ཡང་ དེ་ཚེ་དྲོ་པར་ ཆུ་ཚོད་༡ དང་༡.༣༠ གི་བར་ན་ བྱུང་ཡོདཔ་ད་ མེ་གིས་ བཱསི་དེ་ རྩ་བ་ལས་ར་ འཚིགས་བཏང་ཡོདཔ་མ་ཚད་ དབང་འཛིན་གྱི་ སྒྲིང་ཁྱིམ་འོག་ཐོག་གི་ གནམ་པང་དང་ ཤེལ་སྒོ་ཚུ་ མེདཔ་བཏང་ཡོདཔ་ཨིན་རུང་ མི་ལུ་ གནོད་སྐྱོན་མ་བྱུངམ་ཨིན་པའི་གནས་ཚུལ།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *