བསླབ་སྟོན་པ་གཞི་བཙུགས་ཐོག་ སྔོན་འགོག་གི་ཐབས་ལམ་བཏོན་དགོཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཞུགས་སྐབས་ ཤེས་རིག་བློན་པོ་ ཇའེ་བིར་རའེ་གིས་ ཤེས་རིག་བཟའ་ཚང་དེ་ར་ སྦོམ་ཨིན་ནི་དེ་གིས་ བྱ་སྟབས་མ་བདེ་བའི་དཀའ་ངལ་དང་ གདོང་ལེན་ཐོན་རུང་ ན་གཞོན་ཚུ་ མ་འོངས་པའི་བདོག་གཏད་དང་ འགོ་ཁྲིདཔ་ཨིནམ་ལས་ སྔོན་འགོག་ཐབས་ལམ་དང་ ལཱ་ ལས་རིམ་ཚུ་ འགོ་འདྲེན་འཐབ་བཞིན་དུ་ཡོདཔ་སྦེ་ ཞུ་ཡི།

དེ་ཡང་ མོང་སྒར་འཐུས་མི་ བསོད་ནམས་དཔལ་འཛོམས་ཀྱིས་ ཞུ་མིའི་ནང་ སེམས་ཁམས་འཕྲོད་བསྟེན་དང་ རང་སྲོག་རང་གིས་ བཅད་མིའི་གནད་དོན་གུ་ ཚོགས་ཐེངས་༢༨ པའི་ནང་ གྲོས་བསྡུར་གནང་སྟེ་ མི་སྡེ་དང་ ལམ་སྲོལ་ཚོགས་ཆུང་གིས་ ཞིབ་འཚོལ་ལས་ཐོབ་མི་སྙན་ཞུ་དང་འཁྲིལ་ མ་འོངས་སྔོན་འགོག་གི་དོན་ལུ་ ཤེས་རིག་ལྷན་ཁག་ལུ་ གྲོས་འདེབས་ཕུལ་ཡོདཔ་སྦེ་ཨིན་པས།

ཞིབ་འཚོལ་སྙན་ཞུ་ནང་ སློབ་ཕྲུག་ཨ་ལོ་མང་ཤོས་ཅིག་ སེམས་ཁམས་འཕྲོད་བསྟེན་དང་ རང་སྲོག་བཅད་ནིའི་ཉེན་ཁ་ཡོདཔ་མ་ཚད་ ཉེན་འཚུབས་ཅན་གྱི་གནས་སྟངས་ནང་ ཚུད་ནི་དེ་གིས་ ཨིན་ཟེར་ཨིན་པས།

སློབ་སྟོན་དང་འབྲེལ་བའི་གདོང་ལེན་དང་ སྨྱོ་རྫས་ལོག་སྤྱོད་ ལོ་ན་མ་སྨིན་མི་ལུ་ ཨ་ལོ་ཆགས་མི་ བཟའ་ཚང་ནང་འཁོད་ཀྱི་དཀའ་ངལ་ བྱ་སྤྱོད་དང་ སྒྲིག་ཁྲིམས་ལུ་བརྟེན་ དཀའ་ངལ་བྱུངམ་ཨིནམ་ ཤེས་རྟོགས་བྱུང་ཡོདཔ་ལས་ སྤྱི་ལོ་༢༠༢༡ ཟླ་༡༢ པའི་ཚེས་༢༧ ལུ་ རྒྱལ་ཡོངས་ཚོགས་སྡེ་གིས་ གྲོས་ཆོད་བཏོན་མིའི་ནང་ གཞུང་ལུ་ གྲོས་འདེབས་ཁག་༩ ཕུལ་མི་ལས་ གྲོས་འདེབས་ཁག་༤ ཤེས་རིག་ལྷན་ཁག་ལུ་ ཕུལ་མི་ལུ་བརྟེན་ཨིན་ཟེར་ ཞུ་ཡི།

གྲོས་འདེབས་ཚུ་ཡང་ སློབ་གྲྭ་ག་རའི་ནང་ ཉུང་ཤོས་ར་ བསླབ་སྟོན་པ་རེ་རེ་བཙུགས་དགོ་མི་དང་ སློབ་ཕྲུག་ལེ་ཤ་ཡོད་པའི་ སློབ་གྲྭ་ཚུ་ནང་ བསླབ་སྟོན་པ་ཁ་སྐོང་བཙུགས་དགོ་པའི་ གྲོས་འདེབས་དང་ གྲོས་འདེབས་༢ པ་དེ་ རྒྱལ་ཁབ་ཀྱི་ སློབ་གྲྭ་ཚུ་ནང་ལས་ཕར་ བསླབ་སྟོན་ཁང་གི་ མཐུན་རྐྱེན་ཡར་དྲག་གཏང་སྟེ་ སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ གནས་སྟངས་ཚུ་ ལེགས་བཅོས་འབད་ཐབས་ལུ་ཨིན་པས།

ཤེས་རིག་གཙུག་སྡེ་ལས་ཕར་ དུས་རྒྱུན་དུ་ ཆོས་བཤད་ལས་རིམ་ཚུ་ལུ་ བརྩོན་ཤུགས་བསྐྱེད་བཅུག་དགོཔ་ད་ དལ་ཁོམ་གྱི་དུས་ཚོད་སྐབས་ ན་གཞོན་ཚུ་ བདེན་ཁུངས་ཡོད་པའི་བྱ་རིམ་ནང་ གྲལ་གཏོགས་འབད་ནི་ལུ་ རྒྱབ་སྐྱོར་གནང་དགོ་པའི་ཁར་ གཞུང་གི་དབང་བའི་ རྩེད་རིགས་མཐུན་རྐྱེན་ གླིང་ག་དང་ སློབ་གྲྭའི་རྩེད་ཐང་ཚུ་ ན་གཞོན་གིས་ གོ་སྐབས་ལེན་ཚུགས་ནི་ལུ་ རྒྱབ་སྐྱོར་འབད་དགོཔ་ ཁྲོམ་ཚོགས་དང་ གྲོང་གསེབ་གཡུས་སྒོ་ལས་ཕར་ ན་གཞོན་ཚུ་གི་དོན་ལུ་ རྩེད་རིགས་དང་ སྤྲོ་འཆམ་མཐུན་རྐྱེན་གཞི་བཙུགས་འབད་དགོཔ་ཚུ་ཨིན་པས།

ཤེས་རིག་བློན་པོ་གིས་ ན་གཞོན་ཚུ་གི་དོན་ལུ་ ག་ར་མཉམ་རུབ་ཐོག་ལས་ སྲིད་བྱུས་ག་དེ་སྦེ་བརྩམས་རུང་ བཞེས་སྒོ་ག་དེ་སྦེ་བྱིན་རུང་ མངའ་བདག་རིན་པོ་ཆེ་མཆོག་གིས་ སྐྱིད་སྡུག་ག་དེ་སྦེ་གནང་རུང་ སློབ་དཔོན་ཚུ་ལུ་ འཐུས་ལེགས་ཤོམ་བྱིན་རུང་ རེ་གཉིས་འཐུས་ཤོར་བྱུངམ་མས་ཟེར་ཨིནམ་ད་ ཤེས་རིག་བཟའ་ཚང་ར་ མང་ནི་དེ་གིས་ གནས་ཚུལ་མང་ཤོས་ཅིག་ ཐོན་ནི་འདུག་ཟེར་ ཞུ་ཡི།

དཀའ་ངལ་རེ་གཉིས་ཐོན་མི་དེ་ དག་སྣང་མེད་པར་ བཀོག་མ་བཞག་པར་ ལྷན་ཁག་གིས་ རྩེད་རིགས་དང་ ན་གཞོན་ལས་ཁུངས་སྦེ་ གཞི་བཙུགས་འབད་དེ་ ལས་སྣ་ཚུ་ འགོ་འདྲེན་འཐབ་དོ་ཟེར་ ཞུ་ཡི།

དཔྱེ་འབད་བ་ཅིན་ སློབ་ཕྲུག་མངམ་ཡོད་མི་ དབྱངས་ཅན་ཕུག་འབྲིང་རིམ་སློབ་གྲྭ་གོང་མ་དང་ ཆུ་ཁ་སློབ་གྲྭ་ལྟེ་བ་ དཔག་ཤི་ཁ་འབྲིང་རིམ་སློབ་གྲྭ་གོང་མ་ཚུ་ནང་ བསླབ་སྟོན་པ་༢ རེ་བཙུགས་ཏེ་ ཡོད་ཟེར་ཨིནམ་ད་ སྤྱི་ལོ་༢༠༠༩ ལུ་ བསླབ་སྟོན་པ་༦༦ བཏང་མི་དེ་ བསམ་རྩེ་ཤེས་ཡོན་མཐོ་རིམ་སློབ་གྲྭ་ནང་ བསླབ་སྟོན་པ་༣༠ དེ་ཅིག་ སྦྱོང་བརྡར་འབད་བའི་བསྒང་ཡོདཔ་ད་ སྤྱི་ལོ་༢༠༢༢ ཚུན་ རྒྱལ་ཁབ་ནང་ བསླབ་སྟོན་པ་༡༧༣ ཡོད་ཟེར་ བློན་པོ་གིས་ ཞུ་ཡི།

ཨ་ལོ་གཅེས་སྐྱོང་དང་ གོང་འཕེལ་ལྟེ་བ་ལས་འགོ་བཙུགས་ཏེ་ ཞིབ་དཔྱད་འབད་བའི་སྐབས་ འབྲིང་རིམ་སློབ་གྲྭ་འོག་མ་དང་ སློབ་རིམ་༡༠ པ་དང་༡༡ པ་༡༢ པའི་སློབ་ཕྲུག་ཚུ་ལུ་ བསླབ་སྟོན་མང་སུ་ བྱིན་དགོཔ་ཡོདཔ་སྦེ་ ཤེས་རྟོགས་བྱུང་ནུག་ཟེར་ ཞུ་ཡི།

རྐྱེན་ངན་ཚུ་ ལོ་ན་ཆུང་ཀུ་བསྒང་ལས་ར་ ཐོན་དོ་ཡོདཔ་ལས་ ལེགས་ཤོམ་སྦེ་ དབྱེ་ཞིབ་འབད་དགོཔ་འདུག་ཟེར་ཨིནམ་ད་ ན་གཞོན་ཚུ་སྦོམ་ལངམ་ད་ དཀའ་ངལ་ཚུ་ སྔོན་འགོག་འབད་ཐབས་ལུ་ ཤེས་རིག་ལྷན་ཁག་གིས་ ཨ་ལོ་གཅེས་སྐྱོང་དང་ གོང་འཕེལ་ལྟེ་བ་ལས་ར་ བདག་འཛིན་དང་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ རྫོང་ཁག་རེ་རེ་ནང་ ཆ་རོགས་འབད་མི་ སྡེ་ཚན་རེ་ གཞི་བཙུགས་འབད་དེ་ཡོད་ཟེར་ ཞུ་ཡི།

སློབ་གྲྭ་ལ་ལོ་ཅིག་ནང་ སློབ་དབུ་འཛིན་གྱི་ཁང་མིག་ཡང་ ལེགས་ཤོམ་མེད་པའི་ དཀའ་ངལ་ཡོད་རུང་ ཐབས་ལམ་བཏོན་ནི་དང་ ད་ལྟོའི་གནས་སྟངས་ནང་ བསླབ་སྟོན་ཁང་མེད་པའི་དཀའ་ངལ་དང་ ཨ་ལོའི་གནས་སྟངས་ཚུ་ལུ་བལྟ་སྟེ་ རྒྱབ་སྐྱོར་འབད་ནི་ཨིན་ཟེར་ ཞུ་ཡི།

ཆོས་བཤད་ལས་རིམ་ཚུ་ འབད་བ་ཅིན་ སློབ་གྲྭ་དང་ ཤེས་རིག་ཁ་ཐུག་ལས་ ཐབས་ལམ་ལེ་ཤ་སྒྲིག་ཏེ་ཡོད་ཟེར་ཨིནམ་ད་ ཆོས་བཤད་ལས་རིམ་འགོ་འདྲེན་འཐབ་བཞིན་དུ་ཡོདཔ་མ་ཚད་ ལག་དེབ་དང་ སེམས་ཁམས་སྒྲིང་སྒྲི་བཟོ་ཐབས་ལུ་ བྱིན་དོ་ཟེར་ཨིན་པས།

རྩེད་རིགས།

ངལ་གསོ་དང་ སློབ་དུས་མཇུག་ཞིནམ་ལས་ རྩེད་རིགས་དང་ རྒྱལ་སྤྱི་གཙུག་སྡེ་དང་ ཡུ་ནི་སེཕ་གི་འབད་རུང་ ལུས་རྩལ་སྦྱོང་བརྡར་གྱི་དོན་ལུ་ ལྷན་ཁག་ཁ་ཐུག་ལས་ སློབ་གྲྭའི་ནང་ རྩེད་རིགས་སློབ་སྟོན་པ་བཏང་སྟེ་ ཡོད་ཟེར་ཨིན་པས།

ན་གཞོན་སློབ་ཕྲུག་ཚུ་ མ་འོངས་པའི་ འགོ་ཁྲིདཔ་གིས་མ་དོ་བར་ བདོག་གཏད་ཡང་འབདཝ་ལས་ གཞུང་མིན་ལས་སྡེ་ཚུ་ལས་ རྩེད་རིགས་གི་དོན་ལུ་ གོ་སྐབས་འཐོབ་སྟེ་ཡོད་ཟེར་ཨིན་པས།

ཕམ་ཡ་བྲལ་གྱི་ ཨ་ལོ་ཚུ་ རྫོང་ཁག་༢༠ ནང་ ན་གཞོན་ལྟེ་བ་༡༣ དེ་ཅིག་ གཞི་བཙུགས་འབད་ཡོདཔ་ལས་ ན་གཞོན་ཚུ་གིས་ ལཱ་གཡོག་གི་གོ་སྐབས་དང་ སློབ་གཉེར་གྲོགས་རམ་ དེ་ལས་ ན་གཞོན་ལྟེ་བ་ནང་ ན་གཞོན་༥༠༠ སྦྱོང་བརྡར་འབད་དོ་ཡོད་པའི་ཁར་ ཚོང་རྐྱབ་མི་ཡང་ཡོད་ཟེར་ཨིན་པས།

ཤེས་རིག་ལེགས་སྒྱུར་དང་ ཞི་གཡོག་ལེགས་སྒྱུར་ནང་ཡང་ སེམས་ཁམས་འཕྲོད་བསྟེན་དང་ རང་སྲོག་རང་གིས་བཅད་པའི་གནད་དོན་ཚུ་ ཚུད་འོང་ཟེར་ ཞུ་ཡི།

ལྷན་ཐབས་དྲི་བ།

དར་དཀར་ན་འཐུས་མི་ སུར་ཇ་མཱན་ ཐ་པ་གིས་ གཞུང་གིས་ སློབ་རིམ་༡༡ པ་དང་༡༢ པའི་ སློབ་ཕྲུག་ཚུ་ལུ་ བརྩོན་ཤུགས་བསྐྱེདཔ་མ་གཏོགས་ འབྲིང་རིམ་སློབ་གྲྭ་འོག་མ་དང་ བར་མ་ཚུ་ནང་མེདཔ་ལས་ ད་རེས་ནངས་ སེམས་ཁམས་ནད་གཞི་ཐོབ་མི་དེ་ འབྲིང་རིམ་སློབ་གྲྭ་འོག་མ་དང་ བར་མ་ཚུ་ནང་ཨིན་པའི་ཁར་ ཕམ་ཉམ་ཆུང་གི་ ཨ་ལོ་ཚུ་འབདཝ་ལས་ ཤོག་མཚུངས་ཀྱི་ འཆར་གཞི་ག་ཅི་ར་ཡོད་ག་ཟེར་ བློན་པོ་ལུ་ ཞུ་ཡི།

ཤེས་རིག་བློན་པོ་གིས་ སློབ་རིམ་༡༡ པ་དང་༡༢ པ་རྐྱངམ་གཅིག་ལུ་ གཙོ་རིམ་སྒྲིགཔ་མེན་པར་ སློབ་གྲྭ་ག་རའི་ནང་ གཞི་རྟེན་མཐུན་རྐྱེན་དང་ བསླབ་སྟོན་པ་ཚུ་ འདྲ་མཉམ་སྦེ་ བྱིན་ནིའི་དོན་ལུ་ འཆར་གཞི་དང་ ལས་རིམ་ཚུ་ བརྩམས་བཞིན་དུ་ཡོདཔ་མ་ཚད་ ཐབས་ལམ་ལེ་ཤ་ཅིག་ར་ བསྒྲིགས་ཏེ་ཡོད་ཟེར་ ཞུ་ཡི།

ཨ་ལོ་གཅེས་སྐྱོང་ལྟེ་བ་དང་ གོང་འཕེལ་ལྟེ་བ་ལས་འགོ་བཙུགས་ ཨ་ལོ་ལུ་ ཨའི་གི་ཕོཝ་ནང་ ཆགས་པའི་ཉིནམ་ལས་ར་འགོ་བཙུགས་ བལྟ་དགོཔ་ཡོད་མི་དང་བསྟུན་ མ་རྩ་གཞི་བཙུགས་འབད་མི་དེ་ཨིན་ཟེར་ ཞུ་ཡི།

འབྲིང་རིམ་སློབ་གྲྭ་འོག་མ་ཡན་ཆད་ལུ་ བསླབ་སྟོན་པ་འགོ་བཙུགས་ཡོདཔ་བཞིན་དུ་ སློབ་གྲྭ་ཆུང་བ་ནང་ཡང་ དགོཔ་སྦེ་ ཞི་གཡོག་ལྷན་ཚོགས་ནང་ གྲོས་འབུལ་ཕུལ་ཏེ་ཡོད་ཟེར་ བློན་པོ་གིས་ ཚོགས་ཁང་ལུ་ ཞུ་བ་འབད་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *