བར་མཚམས་བསྐྱར་ཞིབ་ཞལ་འཛོམས་འཚོགས་པའི་བསྒང་།

བསྟན་རྒྱས་ལྷན་ཁག་གིས་ བར་མཚམས་ཀྱི་ གྲུབ་འབྲས་རྒྱ་ཆེཝ་སྦེ་ཐོན་ཡོདཔ།

༉ བསྟན་རྒྱས་ལྷན་ཁག་གིས་ སྤྱི་ཟླ་༤ པའི་ཚེས་༡༥ ལུ་ འཆར་གཞི་༡༢ པའི་ བར་མཚམས་བསྐྱར་ཞིབ་སྙན་ཞུ་ནང་ ཚོང་དང་འབྲེལ་བའི་ གཞི་རྟེན་མཐུན་རྐྱེན་ནང་ ལས་འབྲེལ་གྱི་ གྲུབ་འབྲས་སྦོམ་སྦེ་ར་ བྱུང་ཡོད་པའི་ གསལ་ཞུ་ཕུལ་ཡི།

བློན་ཆེན་གྱི་ ཁྲི་འཛིན་ཐོག་ལས་ བར་མཚམས་བསྐྱར་ཞིབ་འབད་བའི་སྐབས་ ལྷན་ཁག་གིས་ རྒྱལ་ཁབ་ནང་ བཟོ་སྐྲུན་འབད་མི་ ཚོང་འབྲེལ་གཞི་རྟེན་གྱི་ བསྐྱར་ཞིབ་སྙན་ཞུ་ཚུ་ གསལ་ཞུ་ཕུལ་ཡོདཔ་ད་ ལས་འབྲེལ་སྙན་ཞུ་དང་འཁྲིལཝ་ད བསམ་རྩེ་དམ་དུམ་བཟོ་གྲྭ་ཁང་དང་ གསར་སྤང་འཇིགས་མེད་གླིང་གི་ བཟོ་སྐྲུན་ལཱ་ཚུ་ བརྒྱ་ཆ་༧༥ རེ་ བསྒྲུབས་ཡོད་པའི་ཁར་ བསམ་གྲུབ་ལྗོངས་མཁར་ མོ་ཏང་ག་བཟོ་གྲྭ་ཁང་གི་ ལཱ་བརྒྱ་ཆ་༦༡ མཇུག་བསྡུ་སྟེ་ཡོདཔ་ཨིན་པས།

དམ་དུམ་བཟོ་གྲྭ་ཁང་དེ་ རྒྱ་གར་གཞུང་གི་ ལས་འགུལ་ཆུང་བའི་ གྲོགས་རམ་མ་དངུལ་གྱིས་ རྒྱབ་སྐྱོར་འབད་དེ་ཡོདཔ་ད་ ས་ཆ་ཨེ་ཀར་༧༣༠ འབད་མི་ འཇིགས་མེད་ཆོས་གླིང་བཟོ་གྲྭ་ཁང་དེ་ རྒྱལ་ཁབ་ནང་ བཟོ་གྲྭ་ཁང་སྦོམ་ཤོས་ཅིག་འོང་ནི་ཨིན་པས།

ཕུན་ཚོགས་གླིང་དཔག་བསམ་ཁ་ ས་ཐོག་དོས་ཕབ་ལེན་འབད་སར་ བཟོ་སྐྲུན་གྱི་ ལཱ་བརྒྱ་ཆ་༡༥ འབད་ཚར་ཡོདཔ་ད་ ལཱ་བརྒྱ་ཆ་༡༥-༢༠ དེ་ ཤུལ་མའི་འཆར་གཞི་ནང་ འཕྲོ་མཐུད་འབད་དགོཔ་ འབྱུང་ནི་ཨིན་པས།

བསྟན་རྒྱས་ལྷན་ཁག་གི་དྲུང་ཆེན་ ཀརྨ་ཚེ་རིང་གིས་ སླབ་མིའི་ནང་ ཀི་ལོ་མི་ཊར་༡.༢ འབད་མི་ གྱང་རྩིག་རྐྱབ་ནིའི་ལཱ་ བརྒྱ་ཆ་༣༠ མཇུག་བསྡུ་ཡོདཔ་མ་ཚད་ འཁོར་ལམ་སེལ་ནིའི་ ལཱ་ཚུ་ཡང་ འགོ་བཙུགས་ཏེ་ཡོད་ཟེར་ཨིནམ་ད་ དཔག་བསམ་ཁ་ལས་འགུལ་གྱི་དོན་ལུ་ དངུལ་ཀྲམ་ས་ཡ་༩༤༣.༦༥ བཞག་ཡོདཔ་ལས་ སྤྱི་ལོ་༢༠༢༤ ལུ་ མཇུག་བསྡུ་ནིའི་ ལས་འཆར་ཡོདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ ཁག་ཆེ་བའི་ གཞི་རྟེན་མཐུན་རྐྱེན་ཚུ་ཡང་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ ལས་སྡེ་༡༤ གིས་ བཟོ་སྐྲུན་འབད་ནི་ འགོ་བཙུགས་ཡོདཔ་ད་ ལས་སྡེ་༣ ལག་ལེན་འཐབ་ནི་ འགོ་བཙུགས་ཏེ་ཡོད་པའི་ཁར་ སྤྱི་ལོ་༢༠༢༠-༢༡ ལུ་ ལས་སྡེ་༢༠ དེ་ཅིག་ ཚུལ་མཐུན་སྦེ་ ལག་ལེན་འཐབ་ཚུགས་ནི་མས་ཟེར་ བཤདཔ་ཨིན་པས།

བསྟན་རྒྱས་དྲུང་ཆེན་གྱིས་ ལས་མིའི་དཀའ་ངལ་ལུ་བརྟེན་ ལས་འགུལ་ཚུ་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགས་པའི་ གདོང་ལེན་སྦོམ་སྦེ་ར་ བྱུང་ཡི་ཟེར་ ཞུ་བའི་ཁར་ ནད་ཡམས་ཀོ་བིཌ་-༡༩ ཐོན་པའི་སྐབས་ དཔག་བསམ་ཁའི་ དོ་ཕབ་ལེན་ས་ཁོངས་དེ་ དགོས་མཁོ་ཅན་ཅིག་སྦེ་ བྱུང་ཡི་ཟེར་ཞུ་ཡི། 

ལས་འགུལ་དེ་ དཔག་བསམ་ཁ་ བཟོ་གྲྭ་ཁང་གི་ ཉེ་འདབས་དང་ རྒྱ་གར་དང་ འབྲུག་གི་ས་མཚམས་ཁར་ བཟོ་སྐྲུན་འབད་དོ་ཡོདཔ་ད་ ལས་འགུལ་ནང་ རྒྱ་གར་གཞུང་གིས་ མ་དངུལ་རྒྱབ་སྐྱོར་འབད་དེ་ཡོདཔ་ཨིན་པས།

གཞུང་གིས་འབད་བ་ཅིན་ དོ་ཕབ་ལེན་འབད་སའི་ མཐུན་རྐྱེན་དེ་ དགོས་མཁོ་ཅན་ཅིག་ བྱུང་མི་དེ་ཡང་ དེ་གིས་ གནད་དོན་ཚུ་ སེལ་ཐབས་འབད་ཚུགས་ཟེར་ཨིན་པས།

བསྟན་རྒྱས་དྲུང་ཆེན་གྱིས་ ཞུ་མིའི་ནང་ རྩི་རང་ ཅང་ཅེ་ལུ་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ ནང་བཟོ་དང་བཟོ་གྲྭ་ཆུང་བའི་ ཕྱི་ལཱ་བརྒྱ་ཆ་༥༤.༧༣ མཇུག་བསྡུ་ཡོདཔ་བཞིན་དུ་ མ་དངུལ་བརྒྱ་ཆ་༧༨.༩༠ ལག་ལེན་འཐབ་ཡོདཔ་ཨིན་པས།

བསྟན་རྒྱས་ལྷན་ཁག་འོག་ལུ་ འཆར་གཞི་༡༢ པའི་ནང་ ལས་རིམ་གཙོ་ཅན་༦ ཡོད་མི་དེ་ཡང་ ལས་སྡེ་སྣ་ཁག་བཟོ་ནི་དང་ རང་བཞིན་གནས་སྟངས་དང་མཐུན་པའི ཚོང་འབྲེལ་དང་ མ་རྩ་གཞི་བཙུགས་ཐོག་ལས་ དཔལ་འབྱོར་ལྷན་ཐབས་དང་ ཕྱིར་ཚོང་ཡར་དྲག་གཏང་ནི་ ཡུན་བརྟན་གྱི་ ཆུར་བརྟེན་གློག་མེ་ཐོན་སྐྱེད་དང་ བཀྲམ་སྤེལ་ལྷན་ཐབས་ལ་སོགས་པ་ཚུ་ཨིན་པས།

ལས་འགུལ་ཚུ་གི་ འཆར་དངུལ་དེ་ དངུལ་ཀྲམ་ཐེར་འབུམ་༤.༩༨༩ ལུ་ ཡར་སེང་སོང་སྟེ་ཡོདཔ་ད་ བསྟན་རྒྱས་ལྷན་ཁག་གིས་ འཆར་གཞི་༡༢ པའི་ བར་མཚམས་ནང་འཁོད་ལུ་ དངུལ་ཀྲམ་ཐེར་འབུབ་༡.༤༡༩ ལག་ལེན་འཐབ་མི་འབདཝ་ད་ བརྒྱ་ཆ་༤༢.༣ རྩིས་ཨིན་པས།

བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གསུངས་མིའི་ནང་ ཀོ་བིཌ་-༡༩ ཐོན་པའི་ ནམ་དུས་ལུ་ ལྷན་ཁག་དང་ ལས་སྡེ་ཚུ་ལས་ ལས་འབྲེལ་གྲུབ་འབྲས་ཀྱི་ རེ་འདོད་སྦོམ་བསྐྱེད་དེ་ མེད་ཟེར་ཨིན་པས།

གཞུང་སྐྱོང་མཆོག་འགྱུར་གྱི་ འཆར་གཞི་ལེགས་ཤོམ་བཟོ་ཐོག་ལས་ ལག་ལེན་དོན་སྨིན་ཅན་སྦེ་ འཐབ་པ་ཅིན་ འཆར་གཞི་༡༢ པ་ བསྐྱར་ཞིབ་འབད་དགོཔ་ཅིག་ཡང་ མི་མཐོང་པས་ཟེར་ བློན་ཆེན་གྱིས་ གསུངས་ཡི།

བློན་ཆེན་གྱིས་ ལག་ལེན་འཐབ་ཐོག་ལས་ ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་དེ་ བསྐྱར་ཞིབ་ལེགས་ཤོམ་འབད་དགོཔ་དེ་ཡང་ དེ་ཚུ་ ཤུལ་མའི་འཆར་གཞིའི་ གཞི་རྟེན་ཨིན་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།

བློན་ཆེན་གྱིས་ ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་གྱི་ ཆ་ཤས་ཐད་ལུ་ གསུངས་མིའི་ནང་ ཀོ་བི་ཌ་-༡༩ དང་ འཛམ་གླིང་བསྒྱུར་བཅོས་འགྱོ་བའི་ སྐབས་དོན་དང་འཁྲིལ་ བཟོ་དགོཔ་བཞིན་དུ་ ལས་སྡེ་ཁག་མ་འདྲཝ་ཚུ་གི་ འཆར་གཞིའི་གྲུབ་འབྲས་དང་ ལག་ལེན་ དེ་ལས་ གནད་དོན་ཚུ་ ཉིན་གྲངས་༡༠ གྱི་ ནང་འཁོད་ལུ་ བསྐྱར་ཞིབ་འབད་འོང་ཟེར་ཨིན་པས།

ད་རེས་ གཞུང་སྐྱོང་མཆོག་འགྱུར་དང་ རྩིས་ལོ་གསར་པའི་(༢༠༢༡-༢༢) འཆར་དངུལ་བགོ་བཀྲམ་ སྟབས་གཅིག་ཁར་ འབད་མི་དེ་ འགོ་དང་པ་ཨིནམ་ད་ དེ་གིས་ གཞུང་ལུ་ དགོས་མཁོ་ངོས་འཛིན་དང་ གཙོ་རིམ་སྒྲིག་ཐོག་ལས་ དེ་དང་འཁྲིལ་ཏེ་ འཆར་དངུལ་བགོ་བཀྲམ་འབད་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ཟེར་ བློན་ཆེན་གྱིས་ གསུངས་ཡི།

བློན་ཆེན་གྱིས་འབད་བ་ཅིན་ ལྷན་ཁག་དང་ ལས་ཁུངས་ཚུ་གིས་ ལས་འབྲེལ་གྲུབ་འབྲས་ཀྱི་ ཚད་གཞི་རྐྱངམ་གཅིག་མེན་པར་ གཞུང་སྐྱོང་མཆོག་འགྱུར་དམིགས་གཏད་ཀྱི་ སྤུས་ཚད་ལུ་ཡང་ བལྟ་དགོ་ཟེར་ཨིན་པས།

གཞུང་གིས་ ཆུར་བརྟེན་གློག་མེའི་ སྲིད་བྱུས་བསྐྱར་ཞིབ་འབད་དོ་ཟེར་ འགོ་དཔོན་ཅིག་གིས་ སླབ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *