༉ བསྟན་རྒྱས་ལྷན་ཁག་གིས་ རྩིས་ལོ་༢༠༡༧-༢༠༡༨ ཀྱི་ལོ་ནང་ དམིགས་གཏད་༡༡ དང་ ལས་སྣ་༣༤ དེ་ལས་ གྲུབ་འབྲས་ཀྱི་བརྡ་མཚོན་༤༩ ཡོད་པའི་སྐོར་ལས་ ཁ་ཙ་ བསྟན་རྒྱས་ལྷན་ཁག་གིས་ བློན་ཆེན་དང་གཅིག་ཁར་ གཞུང་སྐྱོང་མཆོག་འགྱུར་གྱི་གན་ཡིག་གུ་ མཚན་རྟགས་བཀོད་པའི་སྐབས་ གསལ་ཞུ་འབད་ཡི།
བསྟན་རྒྱས་བློན་པོ་ ལེགས་སྐྱིད་རྡོ་རྗེ་གིས་འབད་བ་ཅིན་ གྲུབ་འབྲས་ཀྱི་བརྡ་མཚོན་ཚུ་ག་ར་ ལས་ཁུངས་༨ དང་ ལྷན་ཁག་གི་ མདོ་ཆེན་ཡིག་ཚང་ དེ་ལས་ ལས་འགུལ་དབང་འཛིན་དང་ རང་སྐྱོང་ལས་འཛིན་ལ་སོགས་པའི་ ནུས་ཤུགས་ལས་སྡེ་ཚུ་དང་ མཉམ་འབྲེལ་འབད་དེ་ འགྲུབ་ནི་ཨིན་ཟེར་ཞུ་ཡི།
རྩིས་ལོ་དེ་ནང་གི་ དམིགས་གཏད་ཚུ་ཡང་ དཔལ་འབྱོར་རྒྱ་བསྐྱེད་དང་ དཔལ་འབྱོར་སྣ་ཚོགས་བཟོ་ནི་ལུ་ བརྒྱ་ཆ་༢༧ མི་མང་ཞབས་ཏོག་ཕུལ་ནི་དང་ གནས་སྟངས་ཡར་དྲག་གཏང་ནི་ལུ་ བརྒྱ་ཆ་༢༡ ནུས་ཤུགས་ལས་སྡེ་ལུ་ བརྒྱ་ཆ་༡༥ ས་གཏེར་ལས་སྡེ་བརྒྱ་ཆ་༨ ཕྱིར་ཚོང་ཡར་དྲག་གཏང་ནི་ལུ་ བརྒྱ་ཆ་༧ ཚོང་དང་བཟོ་གྲྭ་འཕྲུལ་ཁང་གོང་འཕེལ་གཏང་ནི་ལུ་ བརྒྱ་ཆ་༦ རྐྱེན་ངན་མར་ཕབ་གཏང་ནི་ལུ་ བརྒྱ་ཆ་༤ བཞག་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ འཆར་གཞི་ལས་སྣ་ཚུ་ ལེ་ཤ་ཡོད་མིའི་གྲས་ལས་ བཟོ་གྲྭ་འཕྲུལ་ཁང་གླིང་ག་དང་ ནང་བཟོ་དང་ བཟོ་གྲྭ་འཕྲུལ་ཁང་ཆུང་བ་གོང་འཕེལ་གཏང་ནི་ གློག་མེ་ལས་འགུལ་༥ བཟོ་སྐྲུན་འབད་ནི་ ནུས་ཤུགས་འབྱུང་ཁུངས་སོ་སོར་བརྟག་ཞིབ་འབད་ནི་ ས་གཏེར་འཚོལ་ཞིབ་འབད་ནི་དང་ ས་ཡོམ་དབྱེ་ཞིབ་ལྟེ་བ་བཟོ་ནི་ཚུ་ཨིན་པས།
བསྟན་རྒྱས་བློན་པོ་གིས་ ལས་སྣ་དེ་ཚུ་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གོང་འཕེལ་དང་ མ་འོངས་པ་ལུ་ དཔལ་འབྱོར་རང་མགོ་རང་འདྲོངས་ཀྱི་ དམིགས་གཏད་འགྲུབ་ནིའི་དོན་ལུ་ ཨིན་ཟེར་ཞུ་ཡི།
ད་ལྟོ་གི་རྩིས་ལོ་དེ་ ལོ་ལྔའི་འཆར་གཞི་༡༡ པའི་ ལོ་མཇུག་ཨིནམ་ལས་ དེ་ནང་ མཇུག་བསྡུ་མ་ཚུགས་པའི་ ལས་སྣ་དག་པ་ཅིག་ ལོ་ལྔའི་འཆར་གཞི་༡༢ པའི་ནང་ འཕྲོ་མཐུད་འབད་ནི་ཟེར་ཨིན་པས།
ཧེ་མ་ མོ་བཏབ་ཀྱི་དོན་ལས་ བསྟན་རྒྱས་ལྷན་ཁག་གིས་ གཞུང་སྐྱོང་མཆོག་འགྱུར་ནང་ བཅའ་མར་གཏོགས་པའི་སྐབས་ ལམ་ལུགས་གསརཔ་འབད་ནི་དེ་གིས་ འགོ་དཔོན་ཚུ་ ཉམས་མྱོང་མེདཔ་ལས་ མགུ་འཐོམ་ཡོདཔ་མ་ཚད་ ལཱ་འབདཝ་ད་ཡང་ དཀའ་ངལ་ལེ་ཤ་ཐོན་ནུག་ཟེར་ཨིན་པས།
ཤུལ་ལས་ ཉམས་མྱོང་ཐོབ་སྟེ་ གོང་འཕེལ་གྱི་ལཱ་ཚུ་ གྲུབ་འབྲས་ལེགས་ཤོམ་འཐོན་ནི་དང་ འགན་འཁྲི་བཀལ་ནི་གི་ ལམ་ལུགས་བཙུགས་མི་དེ་ ཁག་ཆེ་ཏོག་ཏོ་ཅིག་སྦེ་ ངོས་འཛིན་བྱུང་ཡོདཔ་སྦེ་ཞུ་ཡི།
དེ་མ་ཚད་ ལས་སྣ་ཚུ་ཡང་ དུས་ཚོད་ཁར་ གྲུབ་འབྲས་ཅན་ཅིག་སྦེ་ གྲུབ་ཚུགས་པའི་ ཁས་བླངས་ཚུ་ཡང་ ཕུལ་ཡི།
བློན་ཆེན་གྱིས་ གསུངས་མིའི་ནང་ གནམ་བྱཱར་གྱི་ཆར་ཆུ་ལུ་བརྟེན་ རྒྱལ་ཁབ་ཀྱི་ ས་གནས་ཐདམ་ཐད་ཁ་ལས་ཕར་ ཆུ་བྲེས་འབདཝ་ད་ སེམས་ཁར་ཚ་གྱང་སྦོམ་སྦེ་ར་ ལངམ་མས་ཟེར་ཨིན་པས།
ཨིན་རུང་ བློན་ཆེན་ཁོ་ར་ རྒྱལ་ཁབ་ཀྱི་ ཆུའི་གནས་སྟངས་ལུ་ ཚ་གྱང་འབག་སྟེ་ རྒྱལ་ཡོངས་ཆུ་དང་གནམ་གཤིས་ཞབས་ཏོག་ལྟེ་བའི་ ཡིག་ཚང་ནང་སོང་སྟེ་ འགོ་དཔོན་ཚུ་དང་ཕྱད་ ཁོང་གི་ ལཱ་འབད་ཐངས་ཚུ་ལུ་བལྟ་སྟེ་ ངལ་རངས་བྱུང་ཡི་ཟེར་ཨིན་པས།
ད་ལྟོ་ཚུན་ཚོད་ ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་གྱི་ དམིགས་གཏད་ཚུ་ གྲུབ་འབྲས་ཅན་ཅིག་སྦེ་ གྲུབ་ཚུགས་མི་དེ་ ཞི་གཡོགཔ་ག་ར་གིས་ ལྷག་བསམ་རྣམ་དག་གི་ཐོག་ལས་ གཞུང་དང་མི་སེར་ལུ་ ཕྱག་ལེགས་ཤོམ་སྦེ་ཞུ་སྟེ་ ལཱ་འབད་བའི་རྟགས་མཚན་སྟོནམ་མས་ཟེར་ཨིན་པས།
ཞི་གཡོགཔ་ཚུ་གི་ ལཱ་འབད་ཐངས་ལུ་བལྟ་སྟེ་ དངུལ་ཕོགས་ཡར་སེང་གནང་སྟེ་ བྱིན་དགོཔ་ཨིན་རུང་ གློག་མེ་ལས་འགུལ་དག་པ་ཅིག་ དུས་ཚོད་ཁར་ སྒྲུབ་མ་ཚུགས་ནི་དེ་གི་ དངུལ་ཕོགས་ཡང་ ཡར་སེང་འབད་དེ་ བྱིན་མ་ཚུགས་མི་དེ་ལུ་ ཁོ་ར་ སེམས་ཁར་ཚ་གྱང་སྦོམ་ཡོད་ཟེར་གསུངས་ཡི།
དེ་འབདཝ་ལས་ རྒྱལ་ཁབ་ཀྱི་ གློག་མེ་ལས་འགུལ་ཚུ་ སྒྲུབ་ཚར་ཏེ་ སྤྱི་ལོ་༢༠༡༨ ལོ་མཇུག་བསྡུ་ཁམས་ཅིག་ཁར་ གློག་མེ་ཕྱིར་ཚོང་འཐབ་ཚུགས་ནི་ཨིནམ་ལས་ དེ་བསྒང་ གཞུང་ག་ར་འོང་སྟེ་འབད་རུང་ ཞི་གཡོགཔ་ཚུ་གི་ དངུལ་ཕོགས་དེ་ ཡར་སེང་འབད་དེ་བྱིན་འོང་ཟེར་ བློན་ཆེན་གྱིས་གསུངས་ཡོད་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།