བསྟན་རྒྱས་ལྷན་ཁག་གིས་ གྲུབ་འབྲས་བརྡ་སྟོན་ལུ་ དམིགས་གཏད་བསྐྱེད་དེ་ ལཱ་འབད་ནི།

༉ བསྟན་རྒྱས་ལྷན་ཁག་གིས་ ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་ལས་དོན་གན་ཡིག་དང་འཁྲིལ་ ལོ་༡ ནང་ འཆར་གཞི་དང་ ལས་རིམ་གཙོ་ཅན་ཚུ་ གྲུབ་འབྲས་བཏོན་ནིའི་དོན་ལུ་ སྲིད་བྱུས་དང་ ལམ་ལུགས་ ཐབས་བྱུས་ དེ་ལས་ ཁྲིམས་བསྒྱུར་བཅོས་དང་ གསར་རྩོམ་འབད་ནི་ལུ་ གཙོ་བོར་བཏོན་ཏེ་ ལཱ་འབད་ནི་ཨིན་ཟེར་ཨིན་པས།
ལྷན་ཁག་གི་ དམིགས་དོན་གཙོ་བོ་ར་ རྒྱལ་ཁབ་ནང་ དཔལ་འབྱོར་གོང་འཕེལ་མགྱོགས་དྲགས་སྦེ་གཏང་ནི་དང་ དཔལ་འབྱོར་རང་མགོ་རང་འདྲོངས་བཟོ་ནི་དེ་ཨིནམ་ལས་ ན་གཞོན་ཚུ་གི་དོན་ལུ་ ལཱ་གཡོག་གི་གོ་སྐབས་བཟོ་ནི་དང་ ཚོང་ལཱ་གཞི་བཙུགས་འབད་ནི་ དེ་ལས་ ཚོང་གི་མ་རྩ་གཞི་བཙུགས་ནི་ཚུ་ཨིན་ཟེར་ བསྟན་རྒྱས་བློན་པོ་གིས་ སླབ་ཨིན་པས།
དེ་འབདཝ་ལས་ ཕྱི་རྒྱལ་མ་རྩ་གཞི་བཙུགས་ཀྱི་སྲིད་བྱུས་དང་ ནང་བཟོ་དང་ བཞོ་གྲྭ་ཆུང་བའི་སྲིད་བྱུས་དང་ ལམ་ སྟོན་ཚུ་ བསྒྱུར་བཅོས་འབད་ཡོདཔ་ལས་ སྤྱི་ལོ་༢༠༢༣ ལུ་ འབྲུག་རྒྱལ་ཁབ་འདི་ ཚོང་ལཱ་འགོ་བཙུགས་ཚུགས་པའི་ རྒྱལ་ཁབ་ཅིག་སྦེ་ བཟོ་ནི་ཨིན་ཟེར་ཨིན་པས།
རྒྱལ་ཁབ་ཀྱི་ དཔལ་འབྱོར་སོར་འགྱུར་དོན་ལུ་ ནང་བཟོ་ཚོང་ལས་ཆུང་བའི་བཟོ་གྲྭ་ཁང་གི་ དམིགས་བསལ་གཙོ་ཅན་ལས་རིམ་གུ་ དམིགས་གཏད་དང་ བརྩོན་ཤུགས་ཐེབས་བསྐྱེད་ཞིནམ་ལས་ ད་ལྟོ་ཡོད་མི་ ནང་བཟོ་ཚོང་ལས་ ཆུང་བའི་བཟོ་གྲྭ་ཁང་ཚུ་ ཁྲོམ་སྡེ་ལས་ གྲོང་གསེབ་དཔལ་འབྱོར་གོང་འཕེལ་གཏང་ཐབས་ལུ་ གྲོང་གསེབ་ཚུ་ནང་ གཞི་བཙུགས་འབད་ནིའི་དོན་ལས་ རྩ་འགེངས་ནི་ཨིན་ཟེར་ བློན་པོ་གིས་ སླབ་ཨིན་པས།
ནང་བཟོ་ཚོང་ལས་ཆུང་བ་བཟོ་གྲྭ་ལུ་བརྟེན་ ནང་འཁོད་ཀྱི་ སོ་ནམ་གྱི་ལཱ་དེ་ ཡུན་བརྟན་གྱི་ སོ་ནམ་ཐོན་སྐྱེད་གནས་ཚུགསཔ་སྦེ་བཞག་ནི་ཟེར་ཨིནམ་ད་ དེ་ཡང་ རྒྱལ་ཁབ་ཀྱི་མི་སེར་བརྒྱ་ཆ་༧༠ ལྷགཔ་ཅིག་ སོ་ནམ་ལུ་བརྟེན་སྡོད་དོ་ཡོདཔ་ལས་ ནང་འདྲེན་དང་ དོ་འགྲན་འབད་ཚུགསཔ་བཟོ་ནི་ཟེར་ཨིན་པས།
ད་ལྟོ་ཚུན་ བཟོ་གྲྭ་ཁང་༤ གཞི་བཙུགས་ཀྱི་ལཱ་ཚུ་ཡང་ དགེ་ལེགས་ཕུག་ཡོད་པའི་ འཇིགས་མེད་གླིང་ལུ་ ཚོང་དང་བཟོ་གྲྭ་འཕྲུལ་ཁང་དང་ བསམ་གྲུབ་ལྗོངས་མཁར་ལུ་ཡོད་པའི་ མོ་ཏང་ག་༢ ལས་ མོ་ཏཱང་ག་དེ་ གན་ཡིག་གི་ལོ་ནང་ར་ གཡོག་བཀོལ་ཚུགསཔ་བཟོ་ནི་དང་ འཇིགས་མེད་གླིང་ལུ་ གཞན་ལཱ་འབད་དགོཔ་ཡོད་མི་ཚུ་ འབད་ནི་ཨིན་པས།
བསམ་རྩེ་ལུ་ ཚོང་ལས་ཁང་ཆུང་བ་དང་ ས་གཏེར་དང་རྡོ་གཏེར་བཟོ་གྲྭ་ཚུ་ལུ་ཡང་ ལཱ་འབད་ནི་དང་ ལྷག་པར་དུ་ ས་གཏེར་དང་རྡོ་གཏེར་གྱི་ བཅའ་ཁྲིམས་བསྒྱུར་བཅོས་འབད་ནིའི་དོན་ལུ་ ལྷན་རྒྱས་གཞུང་ཚོགས་ནང་ ཕུལ་ཏེ་ཡོད་ཟེར་ ཨིན་པས།
གློག་ཤུགས་ལུ་ དམིགས་གཏད་བསྐྱེད་མི་དེ་ མང་སྡེ་ཆུ་གློག་མེ་འཕྲུལ་ཁང་དེ་ ཟླ་ངོ་དག་པ་ཅིག་གི་ཤུལ་ལས་ འབྲུག་སླར་འབྱུང་ཐོན་སྐྱེད་གློག་མེ་ལས་འཛིན་ལུ་ གཞུང་འབྲེལ་ཐོག་ལས་ བརྩི་སྤྲོད་ལེན་འབད་ཚུགས་ཟེར་ཨིན་པས།
སྤུ་ན་གཙང་ཆུ་ གློག་མེ་ལས་འགུལ་དང་པ་དང་གཉིས་པ་ དེ་ལས་ གློག་མེ་ཆུང་བའི་ལས་འགུལ་ དཔེ་འབད་བ་ཅིན་ མཁོ་ལོང་ཆུ་དང་ ནི་ཀ་ཆུ་གློག་མེ་ལས་འགུལ་ཚུ་ལུ་ དམིགས་གཏད་བསྐྱེད་ཞིནམ་ལས་ ལཱ་འབད་ནི་ཨིནམ་མ་ཚད་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དང་པའི་ ལཱ་གི་གྲུབ་འབྲས་དེ་ དུས་ཅི་ར་ བཏོན་ནི་ཟེར་ཨིན་པས།
བློན་པོ་གིས་ སླབ་མི་དང་འཁྲིལཝ་ད་ བློན་པོ་ཁོ་ར་ འབྲུག་གློག་མེ་ལས་འཛིན་ཚུ་གི་ ཁྲི་འཛིན་ཅིག་འབདཝ་ལས་ གློག་མེ་འཕྲུལ་ཁང་གི་ འཛིན་སྐྱོང་མདོ་ཆེན་ཚུ་དང་གཅིག་ཁར་ ལོ་བསྟར་ལས་དོན་གན་ཡིག་བཟོ་ཞིནམ་ལས་ མཚན་རྟགས་བཀོད་ནི་ཟེར་ཨིནམ་ད་ གན་ཡིག་ནང་ སྤུ་ན་གཙང་ཆུ་ གློག་མེ་ལས་འགུལ་དང་པ་དང་གཉིས་པའི་ གྲུབ་འབྲས་ཚུ་ ངེས་པར་བཏོན་ཚུགསཔ་བཟོ་ནི་དང་ གཞན་གློག་མེ་འཕྲུལ་ཁང་གསརཔ་ལུ་ཡང་ ལཱ་འབད་ནི་ཨིན་ཟེར་ཨིན་པས།
ད་རེས་ཀྱི་ གྲུབ་འབྲས་བརྡ་སྟོན་ཆིངས་ཡིག་ནང་ སྒེར་གྱི་ལས་སྡེ་གོང་འཕེལ་གཏང་ནི་ལུ་ དམིགས་གཏད་བསྐྱེད་དེ་ཡོད་ཟེར་ཨིནམ་ད་ དེ་ཡང་ རྒྱལ་ཁབ་ནང་ དཔལ་འབྱོར་གོང་འཕེལ་གཏང་ནིའི་དོན་ལུ་ སྒེར་གྱི་ལས་སྡེ་ཚུ་གིས་ ག་དེ་སྦེ་འབད་ནི་ཨིན་ན་དང་ སྒེར་སྡེ་ལས་སྡེ་གིས་ འགོ་ཁྲིད་འབད་ཐོག་ལས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ཡར་དྲག་གཏང་ཐབས་ཀྱི་ ཐབས་བྱུས་དང་ འཆར་གཞི་ལས་རིམ་ཚུ་ལུ་ ཕྱག་ལཱ་གནང་ནི་ཨིན་ཟེར་ཨིན་པས།
འབྲུག་ཚོང་ལས་ གཞི་བཙུགས་འབད་ནིའི་ གཞི་འགྱམ་དེ་ར་ སྒེར་གྱི་ལས་སྡེ་ཚུ་ཨིནམ་ལས་ སྒེར་སྡེ་ནང་ ཚོང་དང་ གཞན་བཟོ་གྲྭ་ཚུ་ གཞི་བཙུགས་ནི་དང་ གོང་འཕེལ་གཏང་ཚུགས་པ་ཅིན་ རང་བཞིན་གྱིས་ འབྲུག་ཚོང་ལས་ཀྱི་ དམིགས་དོན་འགྲུབ་ཚུགསཔ་ཨིན་ཟེར་ བློན་པོ་གིས་ སླབ་ཨིན་པས།
བསྟན་རྒྱས་བློན་པོ་གིས་ སླབ་མིའི་ནང་ ད་རེས་ཀྱི་ཉིནམ་དེ་ ལྷན་ཁག་གི་དོན་ལུ་ ཨ་རྟག་དང་མ་འདྲཝ་སྦེ་ ཚོར་སྣང་བྱུང་མི་དེ་ ལོ་བསྟར་གྲུབ་འབྲས་བརྡ་དོན་ལས་སྣ་དེ་ གྲུབ་འབྲས་ཅན་དང་ མི་མང་གི་ ཞབས་ཏོག་ཚུ་ སྤུས་ཚད་ཅན་དང་ ཡུན་བརྟན་སྦེ་ ཕན་ཐོགསཔ་བཟོ་ཐབས་ལུ་ འཆར་གཞི་དང་འཁྲིལ་ ལོ་༡ ནང་ བརྩོན་ ཤུགས་དང་ དང་འདོད་ཐེབས་བསྐྱེད་དེ་ ལཱ་འབད་ནིའི་གོ་སྐབས་ལུ་བརྟེན་ཨིན་ཟེར་ ཨིན་པས།
བློན་ཆེན་དང་ ལྷན་ཁག་གི་བར་ན་ གན་ཡིག་གུ་ རྟེན་འབྲེལ་བརྩི་ཐོག་ལས་ མཚན་རྟགས་བཀོད་མི་དེ་ ལྷན་ཁག་གི་དོན་ལུ་ འཆར་གཞི་གོང་འཕེལ་གྱི་ལཱ་ཚུ་ མཐོང་སྣང་གསརཔ་ཐོག་ལས་ ལཱ་འབད་དགོཔ་བཟུམ་འདུག་ཟེར་ཨིན་པས།
ད་ལྟོ་ཚུན་ མཚན་རྟགས་བཀོད་མི་དེ་ འབྲི་ཤོག་གུ་ གནད་དོན་ཚུ་བཀང་དོ་བཟུམ་མིའི་ མཐོང་གསལ་བྱུང་ཡོདཔ་ལས་ ལཱ་འབད་རུང་ མ་འབད་རུང་ བཏུབ་དོ་བཟུམ་སྦེ་ སྡོད་ནུག་ཟེར་ཨིན་པས།
གན་ཡིག་ནང་ བཀོད་བཞག་མི་གིས་མ་ཚད་ ལྷན་ཁག་གིས་ རྒྱལ་ཁབ་དང་ མི་སེར་ལུ་ ཕན་ཐོགས་ཅིག་ ཡོད་པ་ཅིན་ གོང་འཕེལ་གྱི་ལས་སྣ་དང་ ལས་རིམ་ཚུ་ཡང་ དམིགས་གཏད་བསྐྱེད་དེ་ ལཱ་འབད་ནི་དང་ ངན་ལྷད་ དང་འབྲེལ་བའི་ལཱ་ཚུ་ རྩ་བ་ལས་སྤངས་ཏེ་ ཕྱག་ཞུ་ནི་ཨིན་ཟེར་ ཞུ་ཡི།
བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གསུངས་མིའི་ནང་ ལྷན་ཁག་གི་ འགོ་དཔོན་ཚུ་དང་གཅིག་ཁར་ ལཱ་འབད་ནི་ཨིན་ཟེར་ ཆིངས་ཡིག་གུ་ མཚན་རྟགས་བཀོད་རུང་ ཆིངས་ཡིག་ནང་ ལས་སྣ་དང་ ལས་རིམ་ཚུ་ ག་ཅི་གུ་ གཙོ་བོར་བཟུང་སྟེ་ ལཱ་འབད་དགོཔ་ཨིན་ན་ཚུ་ ལྷག་ནི་དང་ བསྐྱར་ཞིབ་འབད་དེ་ གོ་དོན་མ་ལེན་པར་སྡོདཔ་འདྲཝ་ཅིག་འབད་བ་ཅིན་ ཨ་ལོ་ཚུ་གི་བར་ན་ རྩེདམོ་རྩེད་དོ་བཟུམ་གྱི་ ཚོར་སྣང་བསྐྱེད་དགོ་པའི་གཞི་བཟུམ་ཅིག་ལུ་ འགྱུར་འོང་ཟེར་ཨིན་པས།
འདས་པའི་ལོ་ཚུ་གི་ གཞུང་སྐྱོང་མཆོག་འགྱུར་ཆིངས་ཡིག་གི་སྙན་ཞུ་ཚུ་ བརྟག་ཞིབ་འབད་བའི་སྐབས་ ལས་སྣ་དང་ ལས་རིམ་ཚུ་ གྲུབ་འབྲས་ལེགས་ཤོམ་ཐོན་ཡོདཔ་སྦེ་ སྐུགས་ཚུ་ཡང་ བརྒྱ་ཆ་ལས་༩༠ ལྷགཔ་སྦེ་ ཐོབ་ཡོད་མི་ལུ་ གཞི་བཞག་པ་ཅིན་ རྒྱལ་ཁབ་གོང་འཕེལ་གནམ་མེད་ས་མེད་འགྱོ་དོ་བཟུམ་ཨིནམ་ལས་ ད་རེས་ ལཱ་འབད་མ་དགོཔ་བཟུམ་ཅིག་འདུག་ཟེར་ བློན་ཆེན་གྱིས་ གསུངས་ཡི།
ཆིངས་ཡིག་དང་འཁྲིལ་ ལཱ་འབད་བའི་སྐབས་ སྲིད་བྱུས་དང་ ལམ་ལུགས་ དེ་ལས་ སྒྲིག་གཞི་དུམ་གྲ་རེ་ལུ་བརྟེན་ སྟབས་མ་བདེཝ་ཐོན་ནི་ཨིན་རུང་ སོར་འགྱུར་འབད་དེ་ མཉམ་འབྲེལ་ཐོག་ལས་ ལཱ་འབད་དགོཔ་བཞིན་ དུ་ ལོ་བསྟར་གྱི་ གྲུབ་འབྲས་བརྡ་སྟོན་ཚུ་ ལོ་མཇུག་བསྡུཝ་ད་ བརྟག་ཞིབ་འབད་མ་དགོ་པར་ འབད་ཚུགས་ནིའི་དོན་ལུ་ ཉིན་བསྟར་དང་ དེ་མིན་ བདུན་ཕྲག་རེ་ལུ་ བསྐྱར་ཞིབ་འབད་དགོ་པས་ཟེར་ བློན་ཆེན་གྱིས་ གསུངས་ཡི།
གཞན་ འཆར་གཞི་༡༢ པའི་ནང་ བཀོད་ཡོད་མི་ཚུ་ གལ་ཆེཝ་མེདཔ་སྦེ་མེན་པར་ བསྐྱར་ཞིབ་སྦེ་ བརྟག་ཞིབ་དང་ ཞིབ་འཚོལ་འབད་བ་ཅིན་ ལས་སྣ་གལ་ཅན་དང་ དགོཔ་ངེས་ཏིག་ཡོད་ཚུ་ལུ་ དམིགས་གཏད་བསྐྱེད་ཐོག་ལས་ ལཱ་འབདཝ་བཞིན་དུ་ གྲུབ་འབྲས་ཚུ་ཡང་ སྤུས་ཚད་ཅན་དང་ ཡུན་བརྟན་གནས་ཚུགསཔ་ཅིག་ བཟོ་ནི་དེ་ཨིན་ཟེར་ ཨིན་པས།
བློན་ཆེན་དང་འཁྲིལ་བ་ཅིན་ ཆིངས་ཡིག་ལས་རིམ་དེ་ སང་ཕོད་ལས་འགོ་བཙུགས་ ཟླ་རིམ་གྲུབ་འབྲས་བརྡ་སྟོན་ཆིངས་ཡིག་སྦེ་ བསྒྱུར་བཅོས་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིནམ་ད་ ལྷན་ཁག་གིས་ ཟླ་རིམ་ནང་ གཙོ་ཅན་ ལས་འཆར་དང་ ལཱ་ག་ཅི་འབད་ནི་ཨིན་ན་ གསལ་སྟོན་འབད་དགོཔ་ཨིན་ཟེར་ ཨིན་པས།
ཟླ་རིམ་ནང་ ལཱ་དང་ལས་རིམ་དེ་ འགོ་འདྲེན་འཐབ་ནི་ལུ་ གཙོ་རིམ་ནང་ཚུད་སོང་ནུག་ཟེར་ གནས་ཚུལ་གོཝ་ཅིག་ རྒྱལ་ཡོངས་ཀྱི་མི་སེར་ཚུ་ལུ་ ཚོར་སྣར་བསྐྱེད་ཚུགསཔ་བཟོ་ནི་ཨིན་ཟེར་ བློན་ཆེན་གྱིས་ གསུངས་ཡི།
ལྷན་ཁག་ལུ་ ལོ་བསྟར་གྲུབ་འབྲས་བརྡ་སྟོན་གནད་དོན་༥༣ ཡོད་མི་དེ་ སྤྱི་ཟླ་༨ པའི་ཚེས་༥ ལུ་ བློན་ཆེན་མཆོག་དང་ གསུང་གྲོས་གནང་པའི་སྐབས་ ལོག་བསྐྱར་ཞིབ་གནང་དགོཔ་སྦེ་ བཀའ་གནང་མི་དང་བསྟུན་ ད་རེས་ གྲུབ་འབྲས་བརྡ་སྟོན་༤༢ ཡོདཔ་བཞིན་དུ་ དམིགས་དོན་༦ དེ་ ད་རེས་ བློན་ཆེན་དང་ བློན་པོ་གི་བར་ན་ མཚན་རྟགས་བཀོད་མི་དེ་ཨིན་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *