བསྟན་རྒྱས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ དྲི་བ་བཀོད་མི་དང་བསྟུན་ ལན་ཞུ་བའི་བསྒང་།

བསྟན་རྒྱས་བློན་པོ་གིས་ དྲི་བ་སྣ་ཚོགས་བཀོད་མིའི་ཐོག་ ལན་རྐྱབ་དགོཔ་བྱུང་ཡོདཔ།

༉ སྤྱི་ཟླ་༡༡ པའི་ཚེས་༢༤ ལུ་ ལྡོག་ཕྱོགས་ཚོགས་པའི་ འཐུས་མི་ཚུ་གིས་ བསྟན་རྒྱས་ལྷན་ཁག་ལུ་ དྲི་བ་སྣ་ཚོགས་བཀོད་ཅི།
དྲི་བ་ཚུའི་གྲས་ལས་ བར་མཚམས་གཤོང་ཕུག་གི་འཐུས་མི་ དབང་འདུས་ནོར་བུ་གིས་འབད་བ་ཅིན་ གཞུང་གིས་ འཕྲལ་ཁམས་ཅིག་ཁར་ མི་དབང་འབྲུག་རྒྱལ་༤ པ་མཆོག་གི་ འཁྲུངས་སྐར་དུས་སྟོན་དང་འབྲེལ་ གཞུང་གིས་ ས་སྣུམ་པེ་ཊཱོལ་དང་ ཌི་ཟིལ་གྱི་གོང་ཚད་ཚུ་ མར་ཕབ་འབད་མི་དེ་ རྒྱ་གར་ལས་ཐོབ་མི་ ཁེ་ཕན་ཚུ་ག་ར་ མི་སེར་ལུ་ མ་བྱིནམ་བཟུམ་ཅིག་འདུག་ཟེར་ ཞུ་ཡི།
འཐུས་མི་གིས་ རྒྱ་གར་གྱི་ཡོངས་འབྲེལ་ནང་ ས་སྣུམ་པེ་ཊཱོལ་གྱི་ ཅ་ཁྲལ་དེ་ དངུལ་ཀྲམ་༢༡.༤༧ དང་ ཌི་ཟིལ་ལུ་ དངུལ་ཀྲམ་༡༧.༥༦ བྱིན་ཡོདཔ་སྦེ་ བཀོད་ཡོད་རུང་ རྒྱལ་ཁབ་ནང་ དེ་ལས་ཉུངམ་སྦེ་ མར་ཕབ་འབད་སར་ མཐོང་ཡོདཔ་ལས་ དོགས་སེལ་འབད་དགོཔ་སྦེ་ ཞུ་ཡི།
བསྟན་རྒྱས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ གོང་ཚད་མར་བབས་འགྱོ་མི་དེ་ ངོ་མ་ར་ ས་སྣུམ་དེ་གཉིས་ ཧེ་མ་ རྒྱ་གཞུང་གི་ ཅ་དངོས་དང་ཞབས་ཏོག་ཁྲལ་ཕོག་མིའི་ནང་ ཚུད་དེ་མེད་རུང་ ཤུལ་ལས་ ཁྲལ་ཕོག་མིའི་གྲངས་སུ་ བཙུགས་ཡོད་མི་ལུ་བརྟེན་ཨིན་ཟེར་ ཞུ་ཡི།
བསྟན་རྒྱས་བློན་པོ་གིས་ ཅ་ཁྲལ་དེ་ཚུ་ ལོག་འཐོབ་ནི་ཨིནམ་ལས་ གཞུང་ལུ་ ས་ཡ་ལས་བཅད་དེ་ཡོད་མི་དེ་ གཞུང་གིས་ མི་དབང་མཆོག་གི་ འཁྲུངས་སྐར་དུས་སྟོན་ལུ་ གསལ་བསྒྲགས་འབད་ཡི་ཟེར་ ཞུ་ཡི།
གོང་ཚད་མར་ཕབ་འབད་མི་དེ་ཡང་ ས་སྣུམ་དེ་༢ ཀྱི་གོང་ཚད་དེ་ བདུན་ཕྲག་༢ ཀྱི་ནང་འཁོད་ལུ་ ཚར་རེ་བསྒྱུར་བཅོས་སོང་ཡོདཔ་ད་ གསལ་བསྒྲགས་མ་འབད་བའི་ཧེ་མར་ གཞུང་གིས་ མཁས་མཆོག་སྡེ་ཚན་ལུ་ གྲོས་བསྟུན་འབད་དེ་ ལཱ་འབད་བཅུག་སྟེ་ ཁོང་གིས་ གདམ་ཁ་༣ བྱིན་མི་ལས་ མར་ཕབ་འབད་མི་དེ་༡ ཨིནམ་ལས་ གདམ་ཁ་དེ་གིས་ མི་སེར་ཚུ་ལུ་ གོང་ཚད་ཀྱི་ཁེ་ཕན་ག་ར་ བྱིན་ཏེ་ཡོད་ཟེར་ ཞུ་ཡི།
དེ་གི་ཤུལ་ལས་ དགྲ་མེད་རྩེ་སྔ་ཚང་གི་འཐུས་མི་ ཨོ་རྒྱན་དབང་འདུས་ཀྱིས་ གཞུང་གིས་ སྒེར་སྡེ་གི་ ཚོང་འབྲེལ་ཡར་དྲག་གཏང་ནིའི་ ཁས་བླངས་འབད་ཡོད་རུང་ གཞུང་གིས་ འཆར་གཞི་དེ་ཅིག་ ལག་ལེན་འཐབ་སར་ མ་མཐོང་ཟེར་ཞུ་ཡི།
སྒེར་སྡེ་གོང་འཕེལ་གཏང་དགོ་པ་ཅིན་ ལཱ་གཡོག་གི་གོ་སྐབས་ཡང་ ལེ་ཤ་བཟོ་ཚུགས་ནིའི་ ཁེ་ཕན་ཡོད་རུང་ སྒེར་སྡེ་ལུ་ བརྩི་མཐོང་དེ་ཅིག་ཡོདཔ་བཟུམ་སྦེ་ མ་མཐོང་ཟེར་ཞུ་ཡི།
དེ་ལུ་ བློན་པོ་ལས་སྐྱིད་རྡོ་རྗེ་གིས་ ད་ལྟོའི་གཞུང་ དབུ་མ་བརྙེས་པའི་ཧེ་མར་ རྒྱལ་ཁབ་ནང་ དཔལ་འབྱོར་གྱི་གནས་སྟངས་དེ་ ཆུང་སུ་ཅིག་ལས་བརྒལ་མེད་པའི་ཁར་ བཟོ་སྐྲུན་གྱི་ལཱ་ཚུ་ཡང་ བཀག་ཆ་འབདཝ་མ་ཚད་ སྐྱིན་འགྲུལ་ཚུ་ཡང་ བཀག་འཛིན་འབད་དེ་འདུག་ཟེར་ ཞུ་ཡི།
དེ་བཟུམ་སྦེ་ རུ་པའི་དཀའ་ངལ་ སྦོམ་ཐོན་ཡོདཔ་ལས་ གཞུང་གིས་ དཔལ་འབྱོར་ཡར་དྲག་གཏང་ནིའི་དོན་ལུ་ ཐབས་ཤེས་ཚུ་བཏོན་ཏེ་ རྒྱལ་ཁབ་ནང་ མ་རྩ་གཞི་བཙུགས་འབད་ནི་དེ་ ཁག་ཆེཝ་ལས་ རྒྱ་གར་གཞུང་ལས་ དངུལ་ཀྲམ་ས་ཡ་༥༠༠ ལེན་ཏེ་ དངུལ་འབྲེལ་གཙུག་སྡེ་ཚུ་ནང་ བཙུགས་ཅི་ཟེར་ ཞུ་ཡི།
དེ་མ་ཚད་ ཚོང་འབྲེལ་དང་ དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ ལས་སྣ་མ་འདྲཝ་ཚུ་འབད་མི་ལུ་བརྟེན་ སྤྱི་ལོ་༢༠༡༣ ལུ་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་ཚད་དེ་ ལུང་ཕྱོགས་ནང་ ཨང་༡༤༠ འབད་མི་ལས་ ཨང་༧༥ ལུ་ ལྷོད་ཚུགས་མི་དེ་ དཔལ་འབྱོར་གྱི་གནས་སྟངས་ ཡར་དྲག་འགྱོ་བའི་ རྟགས་མཚན་ཨིན་ཟེར་ ཞུ་ཡི།
དེ་མ་ཚད་ སྤྱི་ལོ་༢༠༡༦ ལོའི་ དཔལ་འབྱོར་གོང་འཕེལ་སྲིད་བྱུས་ནང་ཡང་ ལས་རིམ་ཁག་༢༥༦ དེ་ཅིག་ཡོད་པའི་ཁར་ དངུལ་འབྲེལ་སེམས་ཤུགས་མཐུན་རྐྱེན་ཡང་ འགོ་བཙུགས་ཅི་ཟེར་ བློན་པོ་གིས་ ཚོགས་ཁང་ནང་ཞུ་ཡི།
སྒེར་སྡེའི་དོན་ལུ་ ནང་འཁོད་གློག་མེའི་ཁྲལ་དང་ ཚོང་ལས་བཅའ་ཁྲིམས་ལ་སོགས་པའི་ གཞན་འབྲེལ་བ་ཡོད་པའི་ཁྲིམས་ཚུ་ཡང་ འཕྲི་སྣོན་འབད་དེ་ཡོད་ཟེར་ ཞུ་ཡི།
སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ནང་ ཁག་འབག་གི་ལཱ་འབད་མི་ འབྲུག་མི་ཚུ་གིས་ ཚོང་འབྲེལ་གཞི་བཙུགས་འབད་ནིའི་དོན་ལུ་ དངུལ་ཁང་ཚུ་ནང་ལས་ སྐྱིན་འགྲུལ་ལེན་ཡོད་རུང་ ལས་འགུལ་ནང་ལས་ དུས་ཚོད་ཁར་ ཏི་རུ་མ་འཐོབ་མི་ལུ་བརྟེན་ ལ་ལོ་ཅིག་གིས་ དུས་ཚོད་ཁར་ སྐྱིན་འགྲུལ་བཏབ་མ་ཚུགས་པར་ ཅ་ཆས་ཚུ་ཡང་ ལོག་བཙོང་དགོ་པའི་ གནས་སྟངས་གུ་ ཐུག་ཡོད་པའི་སྐོར་ལས་ གསལ་ཞུ་འབད་མི་ལུ་ བསྟན་རྒྱས་བློན་པོ་གིས་ ཁོ་ལུ་ སྙན་ཞུ་འབད་དོ་བཟུམ་འབད་བ་ཅིན་ ཏི་རུ་ཚུ་ དུས་ཚོད་ཁར་ སྤྲོད་ཡོད་པའི་ སྙན་ཞུ་ལྷོད་ཅི་ཟེར་ ཞུ་ཡི།
བློན་པོ་གིས་ དུས་ཚོད་ཁར་ ཏི་རུ་སྤྲོད་མ་ཚུགས་མི་དེ་ བརྒྱ་ཆ་༢ དེ་ཅིག་ལས་བརྒལ་ མེད་ཟེར་ཨིནམ་ད་ ད་རུང་ བློན་པོ་ལུ་ སྙན་ཞུ་འབད་བ་ཅིན་ ཁོ་གིས་ རྗེས་དཔྱད་འབད་འོང་ཟེར་ ཞུ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *