བསྐོར་ལུང་ལུ་ རྐྱེན་ངན་བྱུང་མིའི་ནང་ ཕོ་སྐྱེས་༢ ཀྱི་ཕུངམ་ འཚོལ་བའི་བསྒང་།

༉ སྤྱི་ཟླ་༦ པའི་ཚེས་༡༠ གྱི་ཉིན་མའི་ ཆུ་ཚོད་༡:༢༠ དེ་ཅིག་ཁར་ བཀྲིས་གཡང་རྩེ་བསྐོར་ལུང་ལུ་ སྣུམ་འཁོར་བོ་ལེ་རོ་ཅིག་ རྦོབ་རིལ་མིའི་ནང་ སྣུམ་འཁོར་དང་ ཕོ་སྐྱེས་༢ གྲང་མེད་ཆུ་གིས་ འཕྱགས་བདའ་ཡོད་པའི་དོགས་པ་ཡོད་མི་དེ་ ཁ་ཙ་ མི་༣༠༠ ལྷགཔ་ཅིག་གིས་ འཚོལ་རུང་ མ་ཐོབ་ལས་ ད་རིས་ འཕྲོ་མཐུད་དེ་ འཚོལ་ནི་ཨིན་པས།

གནས་ཚུལ་བྱིན་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ བཀྲིས་གཡང་རྩེ་རྫོང་ཁག་གི་ འགོ་དཔོན་དང་ འཇམ་མཁར་རྒེད་འོག་གི་མི་སེར་ བདེ་སྲུངཔ་ ཁྲིམས་སྲུང་འགག་པ་ དེ་ལས་ སློབ་གྲྭའི་སློབ་དཔོན་ཚུ་བརྩིས་ཏེ་ མི་གྲངས་༣༠༠ ལྷགཔ་ཅིག་གིས་ དྲོ་པའི་ཆུ་ཚོད་༨ ལས་ ཕྱི་རུའི་ཆུ་ཚོད་ ཕྱེད་དང་༧ ཚུན་ སྡེ་ཚན་བཟོ་ཐོག་ལས་ བསྐོར་ལུང་ལས་ ཤེལ་རི་ཆུ་ཚུན་འཚོལ་ཡོདཔ་ཨིན་རུང་ ཐོབ་མ་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འཁོར་ལམ་གྱི་གནས་སྟངས་དེ་ ལེགས་ཤོམ་ཡོད་རུང་ འཁོར་ལམ་གྱི་འོག་ལས་ མི་ཊར་༡༥ དང་༢༠ དེ་ཅིག་ རྦོབ་རིལ་སོ་ནུག་ཟེར་ཨིནམ་ད་ བྱུང་རྐྱེན་དེ་ ག་དེ་སྦེ་ བྱུང་ཡོདཔ་ཨིན་ན་ ཤེས་རྟོགས་མེདཔ་ལས་ ད་ལྟོ་ ཞིབ་དཔྱད་འབད་བའི་བསྒང་ འདུག་ཟེར་ཨིན་པས།
བྱུང་རྐྱེན་དེ་གི་སྐོར་ལས་ མཁོ་ལོང་ཆུ་གློག་མེ་ལས་འགུལ་གྱི་ ལས་བྱེདཔ་ཚུ་གིས་ ཉིན་མའི་ཆུ་ཚོད་ ཕྱེད་དང་༢ དེ་ཅིག་ཁར་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་མི་ལུ་བལྟ་བ་ཅིན་ བྱུང་རྐྱེན་དེ་ ཆུ་ཚོད་༡ དང་ སྐར་མ་༢༠ དེ་ཅིག་ཁར་ བྱུང་བྱུངམ་བཟུམ་ཅིག་ འདུག་ཟེར་ཨིན་པས།
གནས་ཚུལ་བྱིན་མི་གིས་ སླབ་མིའི་ནང་ གཙང་ཆུ་བྲེས་མི་ལུ་བརྟེན་ འཚོལ་ཞིབ་འབད་ནི་ལུ་ གདོང་ལེན་སྦོམ་འདུག་ཟེར་ཨིནམ་ད་ དེ་མེན་པ་ཅིན་ ཕུངམ་དེ་ འཚོལ་མ་ཐོབ་རུང་ སྣུམ་འཁོར་དེ་ ཐོབ་ཚུགས་ཚུགསཔ་ འོང་ཟེར་ཨིན་པས།
བྱུང་རྐྱེན་དེ་ནང་ ཕོ་སྐྱེས་༢ འཕྱགས་བདའ་ཡོད་པའི་དོགས་པ་ཡོད་མི་ལས་ གཅིག་ སྐྱེས་ལོ་༢༩ ལང་མི་ བཀྲིས་གཡང་རྩེ་ ཤིང་མཁར་སློབ་གྲྭ་ཆུང་བའི་ སློབ་དཔོན་ཨིནམ་ད་ ཚེ་འདས་ཕོ་སྐྱེས་དེ་ བཀྲིས་སྒང་སྨན་ཁང་ནང་ སྨན་བཅོས་འབད་དེ་ ལོག་བཀྲིས་གཡང་རྩེ་ཁ་ཐུག་ འོང་པའི་སྐབས་ སྣུམ་འཁོར་ནདེ་ རྦོབ་རིལ་ཡོདཔ་ཨིན་པས།
ཤིང་མཁར་གཡུས་ཚན་གྱི་ མི་ཅིག་གི་ཨིན་མི་ སྣུམ་འཁོར་བོ་ལེ་རོ་དང་ སྐྱེས་ལོ་༢༣ ལང་མི་ དེད་གཡོགཔ་༢ ཆ་ར་ གཙང་ཆུ་གིས་ འཕྱགས་བདའ་ཡོདཔ་ད་ དེ་ཚེ་ར་ ཞིབ་དཔྱད་སྡེ་ཚན་གྱིས་ ཕོ་སྐྱེས་༢ ཀྱི་ཕུངམ་དང་ སྣུམ་འཁོར་དེ་ འཚོལ་ཡོད་རུང་ འཚོལ་མ་ཐོབ་ལས་ བཀྲིས་གཡང་རྩེའི་ རྫོང་བདག་ཡང་ ས་ཁོངས་ནང་སོང་སྟེ་ ལམ་སྟོན་ལ་སོགས་པ་ཚུ་ བྱིན་ཡོད་པའི་གནས་ཚུལ།

བཀྲིས་གཡང་རྩེ་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

རྫོང་ཁའི་རྩ་གཞུང་ སྤྲོ་བ་ཆེ་ཏོག་ཏོ་བཟོ་ནི།

༉ རྫོང་ཁའི་རྩ་གཞུང་ བསྐྱར་ཞིབ་འབད་དེ་ ལྷབ་མི་ཚུ་གིས་ ལྷབ་དགོ་བདེ་ཏོག་ཏོ་སྦེ་ བཟོ་ནི་ཨིནམ་མ་ཚད་ དུས་དང་བསྟུན་པའི་ རྩ་གཞུང་ཅིག་བཟོ་ནི་ཨིན་པས།རྩ་གཞུང་བཟོ་མི་ སྡེ་ཕྲན་གྱི་འགོ་དཔོན་ རྡོ་རྗེ་དང་འཁྲིལ་བ་ཅིན་ ན་གཞོན་སློབ་ཕྲུག་ཚུ་གིས་ རྫོང་ཁ་ལྷབ་ནི་ལུ་ སྤྲོ་བ་དེ་ཅིག་ར་མི་བསྐྱེད་པས་ཟེར་ཨིནམ་ད་ སྤྲོ་བ་བསྐྱེད་བཅུག་ནིའི་ བརྗོད་དོན་ར་ …

Leave a Reply

Your email address will not be published. Required fields are marked *