གསར་སྤང་ལུ་ སོ་ནམ་པ་ཚུ་གི་དོན་ལས་ བསིལ་མཛོད་ཁང་ བཟོ་སྐྲུན་འབད་བའི་བསྒང་།

བསིལ་མཛོད་མཐུན་རྐྱེན་གྱིས་ སོ་ནམ་དང་ སྒོ་ནོར་གྱི་ཐོན་སྐྱེད་ཚུ་ གསོག་འཇོག་འབད་ཚུགས་ནི།

༉ དགེ་ལེགས་ཕུག་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ གསར་སྤང་གི་ས་གནས་ བསམ་གཏན་གླིང་ལུ་སྦེ་ སོ་ནམ་དང་ སྒོ་ནོར་གྱི་ཐོན་སྐྱེད་ མེ་ཊིག་ཊཱོན་༣༠༠ དེ་ཅིག་གི་ ཤོང་ཚད་ཡོད་མི་ བསིལ་མཛོད་ཁང་ཅིག་ བཟོ་སྐྲུན་འབད་བའི་བསྒང་ཡོདཔ་ཨིན་པས།

བསིལ་མཛོད་མཐུན་རྐྱེན་ལུ་བརྟེན་ སོ་ནམ་པ་ཚུ་གིས་ ཕྱིར་བཙོང་འཐབ་ནི་དང་ ནང་འཁོད་ལུ་ བཀྲམ་སྤེལ་ལེགས་ཤོམ་ འབད་ཚུགས་ནི་ཨིན་པས།

ད་ལྟོ་ཚུན་ བསིལ་མཛོད་ཁང་མེད་ནི་དེ་གིས་ ཐོན་སྐྱེད་ཚུ་ བསྡུ་ཚར་བའི་ཤུལ་ལས་ ཕྱིར་ཚོང་འཐབ་ནི་དང་ ནང་འཁོད་བཀྲམ་སྤེལ་འབད་བའི་སྐབས་ གྱོང་རྒུད་སྦོམ་ཕོག་ཡོདཔ་མ་ཚད་ དེ་གི་ནང་ལས་ ཁྲོམ་ཁར་ ཐོན་སྐྱེད་ཅོག་འཐདཔ་ཚུ་གིས་ གང་བའི་སྐབས་ལུ་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས།

ལས་འཛིན་གྱི་ ལུང་ཕྱོགས་མདོ་ཆེན་ ཨོ་རྒྱན་ཆོས་འཕེལ་གྱིས་ བཤད་མིའི་ནང་ ད་ལས་ཕར་ སྒོ་ནོར་དང་ སོ་ནམ་གྱི་ཐོན་སྐྱེད་ཚུ་ ཕྱིར་ཚོང་འཐབ་ནི་དང་ ནང་འཁོད་ཚོང་འབྲེལ་འཐབ་པའི་སྐབས་ བཙོང་ནི་ལུ་ ཡར་དྲག་གཏང་ཚུགས་ཟེར་བཤད་ཅི།

ནད་ཡམས་ཐོན་པའི་ཤུལ་ལས་ ཕུན་ཚོགས་གླིང་ལུ་ འགྲོ་འགྲུལ་བཀག་དམ་ ཡུན་རིང་འབད་བའི་ཤུལ་ལས་ ཕྱིར་ཚོང་དོན་ལུ་ དགེ་ལེགས་ཕུག་ཁྲོམ་དེ་ ས་ཁོངས་གཙོ་བོ་ཅིག་ལུ་ གྱུར་ཏེ་ཡོདཔ་ལས་ ད་རེས་ མཁོ་ཆས་ཚུ་ག་ར་ དགེ་ལེགས་ཕུག་བརྒྱུད་དེ་ ཕྱིར་ཚོང་འཐབ་ཨིན་པས།

ཁོ་གིས་བཤད་མིའི་ནང་ བསིལ་མཛོད་ཁང་དེ་གིས་ ནང་འཁོད་དང་ རྒྱལ་སྤྱིའི་ཚོང་ལམ་གཉིས་ མཐུད་སྦྲེལ་འབད་ཚུགས་ ཟེར་ཨིནམ་ད་ མཐུན་རྐྱེན་དེ་གིས་ ཐོན་སྐྱེད་མེད་པའི་དུས་ཚོད་ནང་ ཕྱིར་ཚོང་མ་འཐབ་པར་ མཛོད་ཁང་ནང་ གསོག་འཇོག་ འབད་བཞག་པ་ཅིན་ ཤུལ་ལས་ ལོག་ནང་འདྲེན་འབད་མི་དགོ་ཟེར་ཨིན་པས།

ང་བཅས་ཀྱིས་ གསོག་འཇོག་ཐོག་ལས་ ཐོན་སྐྱེད་ཚུ་ འགྲོས་ཀྱིས་སྦེ་ བཀྲམ་སྤེལ་འབད་ཚུགས་ཟེར་ཨིནམ་ད་ བསིལ་མཛོད་ཁང་དེ་གིས་ ཐོན་སྐྱེད་ཚུ་ མེདཔ་འགྱོ་ནི་ལས་ མར་ཕབ་འབད་ཚུགས་ཟེར་ ཨོ་རྒྱན་ཆོས་གྲུབ་ཀྱིས་ སླབ་ཨིན་པས།

འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ས་མཚམས་ཕྱི་ཁར་ལས་ ནང་འདྲེན་འབད་མི་ཚུ་ གོང་ཚད་ཉུང་སུ་སྦེ་བཙོངམ་ད་ མི་ཚུ་ གིས་ ནང་འཁོད་ལས་ཐོན་མི་ཚུ་ ཉོ་འདོད་མིན་འདུག་ཟེར་ཨིན་པས།

བསིལ་མཛོད་ཁང་དེ་ སྤྱི་ཟླ་༢ པའི་ནང་ལས་ བཟོ་སྐྲུན་འབད་ནི་ འགོ་བཙུགས་ཡོདཔ་ལས་ ཟླཝ་༦ དེ་ཅིག་གི་ཤུལ་ལས་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།

བསིལ་མཛོད་ཁང་དེ་ དངུལ་ཀྲམ་ས་ཡ་༣༨.༡༦ ཟད་འགྲོ་བཏང་ཐོག་ལས་ བཟོ་སྐྲུན་འབད་དོ་ཡོདཔ་ཨིན་པས།

ཨར་ཨེ་ཨེམ་སི་ཨོ་གི་ ཚོང་འབྲེལ་འགོ་དཔོན་ ཟླ་བ་གྲགས་པ་གིས་ བཤད་མིའི་ནང་ ནད་ཡམས་སྐབས་ བསིལ་མཛོད་ཁང་མེད་ནི་དེ་གིས་ སོ་ནམ་གྱི་ཐོན་སྐྱེད་ཚུ་ ཕྱིར་ཚོང་འཐབ་ནི་ལུ་ གདོང་ལེན་བྱུང་ཡི་ཟེར་ཨིན་པས།

ཐོན་སྐྱེད་ཚུ་ ཚུལ་ལྡན་སྦེ་ གསོག་འཇོག་འབད་ས་མེདཔ་ལས་ ཕྱིར་ཚོང་འཐབ་ནིའི་ མཁོ་ཆས་ཚུ་ ཉིནམ་༢ དང་༣ དེ་ཅིག་གི་རིང་ ཐོགས་ལུས་ནི་དེ་གིས་ རློན་གཤེར་ལུ་བརྟེན་ ཐོན་སྐྱེད་རྒྱ་ཆེ་དྲགས་སྦེ་ མེདཔ་ཐལ་ཡི་ཟེར་ཨིན་པས།

བསིལ་མཛོད་ཁང་དེ་ རྐྱབ་ཚར་བའི་ཤུལ་ལས་ སོ་ནམ་གྱི་ ཐོན་སྐྱེད་ཚུ་ཕྱིར་ཚོང་འཐབ་སྟེ་ ཡར་དྲག་འགྱོ་འོང་ཟེར་ཨིནམ་ད་ ཐོན་སྐྱེད་མེད་པའི་དུས་ཚོད་སྐབས་ སློབ་གྲྭ་ཚུ་ནང་ ཚོད་བསྲེ་བཀྲམ་སྤེལ་འབད་ནི་ལངམ་ཅིག་ བཞག་ཚུགས་པའི་ རེ་བ་ ཡོདཔ་ཨིན་པས།

འགོ་དཔོན་ཚུ་དང་འཁྲིལཝ་ད་ བསིལ་མཛོད་ཁང་དེ་ གཞལམ་སྒང་ལུ་ཡང་ བཟོ་སྐྲུན་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིནམ་ད་ མཐུན་རྐྱེན་དེ་ཡང་ རྫོང་ཁག་ཚུ་ནང་གི་ སོ་ནམ་པ་ཚུ་གིས་ སོ་ནམ་དང་སྒོ་ནོར་གྱི་ ཐོན་སྐྱེད་ཚུ་འབད་ནིའི་ དུས་ཚོད་ ལུ་ དུས་མཐུན་སྦེ་ འགོ་བཙུགས་ཡོདཔ་ཨིན་པས།

གནམ་དགུན་ལུ་ བྱང་ཕྱོགས་རྫོང་ཁག་ཚུ་ནང་ ཚོད་བསྲེ་བཀྲམ་སྤེལ་འབད་ནིའི་དོན་ལུ་ དཔལ་འབྱོར་ལྷན་ཐབས་འཆར་གཞིའི་ མ་དངུལ་ཐོག་ལས་ གསར་སྤང་རྫོང་ཁག་གིས་ དངུལ་ཀྲམ་ས་ཡ་༢༡ ཐོབ་མི་དེ་ མཐོ་ཤོས་ཨིན་པས།

ནད་ཡམས་ལུ་བརྟེན་ ལཱ་གཡོག་བྱང་བའི་ཤུལ་ལས་ ན་གཞོན་སྡེ་ཚན་༡༨ ཀྱིས་ ཚོང་འབྲེལ་གྱི་དོན་ལུ་ སྒོ་ནོར་དང་འབྲེལ་ བའི་ ཚོང་འབྲེལ་གྱི་ལཱ་ཚུ་ འགོ་བཙུགས་ཡོདཔ་ད་ གཞུང་གིས་ཡང་ ལས་འགུལ་དེ་གི་དོན་ལུ་ དངུལ་ཀྲམ་ས་ཡ་༧༠ ཟད་འགྲོ་བཏང་ཡོདཔ་ཨིན་པས།

རྫོང་ཁག་སོ་ནམ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ སོ་ནམ་པ་ཚུ་གིས་ ཚོད་བསྲེ་ཚུ་ བཙོང་མ་ཚུགས་པའི་ དུས་ ཚོད་ནང་ གསོག་འཇོག་འབད་བཞག་སྟེ་ ཐོན་སྐྱེད་མེད་པའི་དུས་ཚོད་ནང་ བཙོང་ཚུགས་ཟེར་ཨིན་པས།

གསར་སྤང་རྫོང་ཁག་གི་ སོ་ནམ་པ་ཚུ་གིས་ འབྲུ་སྣའི་རིགས་ཚུ་ གསོག་འཇོག་འབད་ནི་ལུ་ དཀའ་ངལ་བྱུང་སྟེ་ཡོདཔ་ད་ དུས་ཅི་ འབྲུ་སྣའི་ཐོན་སྐྱེད་ཚུ་ ཡར་སེང་འབད་ཚུགས་པའི་ རེ་བ་ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *