བསམ་གྲུབ་ལྗོངས་མཁར་གྱི་ ཁྲིམས་སྲུང་འགག་སྡེ་ལུ་ གྲོགས་རམ་བྱིན་མི་ རྐང་འཁོར་ཚུ།

བསམ་ལྗོངས་ཁྲོམ་སྡེ་གིས་ ཁྲིམས་སྲུང་འགག་སྡེ་ལུ་ རྐང་འཁོར་༧ གྲོགས་རམ་བྱིན་ཡོདཔ།

༉ ཁ་ཙ་ བསམ་གྲུབ་ལྗོངས་མཁར་ལུ་ ཉེས་ལས་དང་ ཁྲིམས་འགལ་གྱི་ བྱ་ངན་ལ་སོགས་པ་ཚུ་ མར་ཕབ་འབད་ནིའི་དོན་ལུ་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་གིས་ ཁྲིམས་སྲུང་འགག་སྡེ་ལུ་ རྐང་འཁོར་༧ གྲོགས་རམ་བྱིན་ཡི།
ཁྲོམ་དཔོན་ཀརྨ་ཤེས་རབ་སྟོབས་རྒྱས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྐང་འཁོར་མཁོ་སྒྲུབ་དོན་ལུ་ ཁྲོམ་སྡེ་ཚོགས་སྡེ་གིས་ ན་ཧིང་ལས་ ཆ་འཇོག་གྲུབ་ཡོད་རུང་ མཁོ་སྒྲུབ་ཀྱི་ ལམ་ལུགས་ཚུ་ལུ་བརྟེན་ དུས་ཡུན་འགོར་ཡི་ཟེར་ཨིནམ་ད་ རྐང་འཁོར་༧ གྱི་དོན་ལུ་ རིན་གོང་དངུལ་ཀྲམ་༣༠༠,༠༠༠ གནས་ཡོདཔ་ཨིན་པས།
ཁྲོམ་དཔོན་གྱིས་ སླབ་མིའི་ནང་ རྐང་འཁོར་དེ་གིས་ ཁྲོམ་སྡེ་ནང་ ཉེས་ལས་ལ་སོགས་པ་ཚུ་ མར་ཕབ་འབད་དེ་ ཉེན་སྲུང་དང་ལྡནམ་སྦེ་ བཟོ་ནི་ལུ་ ཕན་ཐོགས་ནི་ཨིནམ་མ་ཚད་ བསྐོར་སྲུང་གི་དོན་ལུ་ ཁྲིམས་སྲུང་འགག་པ་ཚུ་ བདེ་བ་ཐང་ལུ་ ཐོན་དོ་ཡོདཔ་ལས་ ད་ལས་ཕར་ བསྐོར་སྲུང་འབད་མི་ཚུ་ལུ་ཡང་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
ཁྲིམས་སྲུང་འགག་སྡེའི་ འགོ་བདག་གོངམ་ དམག་སྲིད་རིག་འཛིན་རྡོ་རྗེ་གིས་ སླབ་མིའི་ནང་ ཁྲིམས་སྲུང་འགག་པའི་ འགན་ཁུར་དེ་ ཉེས་ལས་ལ་སོགས་པ་ཚུ་ལུ་ ཞིབ་དཔྱད་འབད་དེ་ ཁྲིམས་འདུན་ལུ་ བསྐྱལ་མི་རྐྱངམ་གཅིག་མེན་པར་ ཉེས་ལས་དང་ ཁྲིམས་འགལ་གྱི་ བྱ་ངན་ཚུ་ སྔོན་འགོག་འབད་མིའི་ གཙུག་སྡེ་ཅིག་འབདཝ་ལས་ རྐང་འཁོར་དེ་ ཁག་ཆེ་ཤོས་ཅིག་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྐང་འཁོར་དེ་གིས་ གཞུང་ལམ་བདའ་སྟེ་ ཐུག་རྐྱེན་འབྱུང་བའི་སྐབས་དང་ བསྐོར་སྲུང་གི་ཐོག་ལས་ ཐུག་རྐྱེན་སྔོན་འགོག་དང་ མར་ཕབ་འབད་ནི་ལུ་ ཕན་ཐོགས་སྦོམ་འབྱུང་ནི་ཨིནམ་ལས་ རྐང་འཁོར་དེ་ཚུ་ ལེགས་ཤོམ་སྦེ་ ལག་ལེན་འཐབ་ནི་ཟེར་ཨིན་པས།
རྐང་འཁོར་རྩིས་སྤྲོད་འབདཝ་དང་གཅིག་ཁར་ ཁྲོམ་སྡེ་དང་ ཁྲིམས་སྲུང་འགག་སྡེའི་བར་ན་ ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ཡོདཔ་ད་ དེ་ཡང་ རྐང་འཁོར་ཚུ་ ཚུལ་མཐུན་ལག་ལེན་འཐབ་ནི་དང་ ཉམས་བཅོས་ལ་སོགས་པའི་ལཱ་ཚུ་ འབད་ཐབས་ཀྱི་དོན་ལུ་ ཨིན་ཟེར་ཨིན་པས།
ཆིངས་ཡིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ རྐང་འཁོར་དེ་ ཉེས་ལས་དང་ ཁྲིམས་འགལ་གྱི་བྱ་ངན་ གཞུང་ལམ་བདའ་སྟེ་ བསྐོར་སྲུང་འབད་ནི་ སྣུམ་འཁོར་བརྡ་སྟོན་སྡེ་ཚན་དང་ ཕྱགས་སྙིགས་འཛིན་སྐྱོང་ཚུ་གི་དོན་ལུ་ ལག་ལེན་འཐབ་དགོ་ཟེར་ཨིནམ་ད་ ཁྲོམ་སྡེ་ལས་ གནང་བ་མེད་པར་ ཁྲོམ་སྡེའི་ས་ཁོངས་ཀྱི་ཕྱི་ཁར་ ལག་ལེན་འཐབ་མི་ཆོག་ཟེར་ཨིན་པས།
དེ་ལས་ ཁྲོམ་སྡེ་གིས་ རྐང་འཁོར་དང་འབྲེལ་བའི་ ཅ་ཆས་ཚུ་ཡང་ ཁྲིམས་སྲུང་འགག་སྡེ་ལུ་ རྩིས་སྤྲོད་འབད་ཡོདཔ་ལས་ ད་ལས་ཕར་ ཉམས་བཅོས་དང་འབྲེལ་བའི་ ལཱ་ཚུ་ཡང་ འགག་སྡེ་གིས་ར་ འབད་དགོཔ་མ་ཚད་ ཨ་རྟག་ར་ ལག་ལེན་འཐབ་དགོ་ཟེར་ ཆིངས་ཡིག་ནང་ བཀོད་ནུག།
མ་འོངས་པར་ རྐང་འཁོར་གྱི་ ཅ་ཆས་ཚུ་དང་འབྲེལ་བའི་ བཀྲམ་སྤེལ་གྱི་ དཀའ་ངལ་རེ་འཐོན་པ་ཅིན་ དགོས་མཁོ་དང་འཁྲིལ་ ཁྲོམ་སྡེ་གིས་ རྒྱབ་སྐྱོར་འབད་འོང་ཟེར་ ཨིན་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *