བསམ་རྩེའི་ མི་མང་ལུ་ ནད་ཡམས་ཡོད་མེད་ཀྱི་ བརྟག་དཔྱདའབད་དོ་ཡོདཔ།

༉ སྤྱི་ཟླ་༥ པའི་ཚེས་༢༥ ལུ་ བསམ་རྩེ་ཁྲོམ་དང་ བཀྲིས་ཆོས་གླིང་༼སིབ་སུ༽ ལུ་ ནད་ཡམས་ཀོ་བིཌ་-༡༩ ཡོད་མེད་ཀྱི་ མི་མང་བརྟག་དཔྱད་འགོ་འདྲེན་འཐབ་ཡོདཔ་ད་ གལ་སྲིད་ ནད་རྟགས་མ་འཐོན་པ་ཅིན་ འགྲོ་འགྲུལ་བཀག་དམ་ ལྷོད་ཡངས་གཏང་ནིའི་ གྲོས་ཐག་བཅད་ཚུགས་ནི་ཨིན་པས།

མི་མང་བརྟག་དཔྱད་ལས་རིམ་དེ་ སྤྱི་ཟླ་༥ པའི་ཚེས་༢༣ ལས་ འགོ་བཙུགས་ཡོདཔ་ད་ འདས་པའི་ཉིན་གྲངས་༢ ཀྱི་ནང་ བཀྲིས་ཆོས་གླིང་ལུ་ མི་༡,༩༠༢ དང་ བསམ་རྩེ་ཁྲོམ་ལས་ མི་༡,༥༤༤ གི་ དཔེ་ཚད་ཚུ་ བསྡུ་ལེན་འབད་དེ་ ཐིམ་ཕུག་གསར་སྦིས་ཐང་ རྒྱལ་འཛིན་ནད་རིགས་བཀག་ཐབས་ལྟེ་བའི་ནང་ བསྐྱལ་ཡོདཔ་ལས་ གྲབ་འབྲས་ཚུ་ལུ་ སྒུག་སྟེ་ཡོདཔ་ཨིན་པས།

ཉིནམ་དང་པའི་ནང་ བཀྲིས་ཆོས་གླིང་དང་ བསམ་རྩེ་ལས་ དཔེ་ཚད་༢,༨༠༠ བསྡུ་ལེན་འབད་ཡོདཔ་ད་ བསམ་རྩེའི་རྫོང་བདག་ པ་སངས་རྡོ་རྗེ་གིས་ སླབ་མིའི་ནང་ འགྲོ་འགྲུལ་བཀག་དམ་ཡངས་ཆག་གཏང་ནི་དེ་ མི་མང་བརྟག་དཔྱད་ཀྱི་ གྲུབ་འབྲས་ལུ་ རག་ལས་འོང་ཟེར་ཨིན་པས།

བཀྲིས་ཆོས་གླིང་ལུ་ ཟ་ཁང་ཅིག་ནང་ལས་ བཟའ་ཚང་༡ ལུ་ ནད་ཡམས་ཐོབ་ཡོདཔ་བདའ་ཟུན་པའི་ཤུལ་ སྤྱི་ཟླ་༥ པའི་ཚེས་༡༢ ལུ་ བསམ་རྩེ་དང་ བཀྲིས་ཆོས་གླིང་ལུ་ འགྲོ་འགྲུལ་བཀག་དམ་འབད་ནུག།

བཀྲིས་ཆོས་གླིུང་ལུ་ མི་མང་བརྟག་དཔྱད་འབད་ནི་དེ་ ཐེངས་༢ པ་ཨིནམ་ད་ ཐེངས་དང་པ་དེ་ སྤྱི་ཟླ་༥ པའི་ཚེས་༡༣ དང་༡༤ ལུ་ འགོ་འདྲེན་འཐབ་པའི་སྐབས་ མི་༨༥༠ ལུ་ བརྟག་དཔྱད་འབད་ཡོདཔ་ཨིན་པས།

སྤྱི་ཟླ་༥ པའི་ཚེས་༡༦ ལས་ བསམ་རྩེ་དང་ སྒོམ་ཀྲུ་ལུ་ ངོས་འཛིན་འབད་ཡོད་པའི་ ས་ཁོངས་ཚུ་ནང་ མི་ཚུ་ འགྲུལ་སྐྱོད་ཤོག་བྱང་འབག་ཐོག་ལས་ ངོས་འཛིན་ཅན་གྱི་ ས་ཁོངས་ནང་ རྐང་སྟོང་སྦེ་ འགྱོ་ཆོགཔ་བཞིན་དུ་ གསང་སྔགས་ཆོས་གླིང་རྒེད་འོག་ ཀེ་ཏི་ཡ་ཟམ་ལས་ ནོར་རྒྱས་སྒང་རྒེད་འོག་དེ་ འགྲོ་འགྲུལ་བཀག་དམ་འབད་ཡོདཔ་ཨིན་པས།

རྫོང་ཁག་ཚོགས་འདུའི་ ཁྲི་འཛིན་ཡང་ཨིན་མི་ བརྟན་འབྲུག་རྒཔོ་ ཉི་མ་འབྲུག་པ་གིས་ སླབ་མིའི་ནང་ གནས་སྟངས་དེ་ ཚད་འཛིན་འབད་དེ་ཡོདཔ་མ་ཚད་ མི་ཚུ་གིས་ཡང་ མཉམ་འབྲེལ་འབད་དོ་ཟེར་ཨིན་པས།

རྡོ་རོ་ཁ་དྲུང་ཁག་དེ་ཡང་ འགྲོ་འགྲུལ་བཀག་དམ་འབད་ཡོད་རུང་ ནང་འཁོད་ལུ་ འགྲོ་འགྲུལ་འབད་བཅུག་སྟེ་ཡོདཔ་ད་ ལྡན་ཆུ་ཁ་དང་ གདུང་སྟོད་རྒེད་འོག་༢ རྡོ་རོ་ཁ་དྲུང་ཁག་འོག་ལུ་ཨིན་པས།

དྲུང་པ་ཀརྨ་འགྱུར་མེད་ཀྱིས་ སླབ་མིའི་ནང་ གནས་སྟངས་དེ་ ལེགས་ཤོམ་འབད་ འཛིན་སྐྱོང་འཐབ་ཡོདཔ་ད་ བསམ་རྩེ་ལུ་ བཟའ་སྤྱོད་དང་ ཉེར་མཁོ་བའི་ ཅ་ཆས་ཚུ་ ཝསྐྱེལ་འདྲེན་འབད་མི་མ་གཏོགས་ སྣུམ་འཁོར་དང་ མི་ཚུ་ རྒྱུན་འགྲུལ་འཐབ་ནི་ལས་ བཀག་ཆ་འབད་དེ་ཡོད་ཟེར་ཨིན་པས།

དྲུང་པ་གིས་འབད་བ་ཅིན་ མི་ཚུ་གིས་ མཉམ་འབྲེལ་གང་དྲག་འབད་བའི་ཁར་ འགྲོ་འགྲུལལ་བཀག་དམ་གྱི་ ལམ་ལུགས་ལུ་ ཚུལ་ལྡན་སྦེ་ གནསཔ་མས་ཟེར་ཨིན་པས།

མི་ཚུ་གིས་ ཉེར་མཁོའི་ཅ་ཆས་ཚུ་ ཟླ་ངོ་༡ དེ་ཅིག་ ལང་ཚུགསཔ་སྦེ་ མཁོ་སྒྲུབ་འབད་ཡོདཔ་ལས་ འགྲོ་འགྲུལ་བཀག་དམ་སྐབས་ ཧེ་མ་བཟུམ་སྦེ་ ཚ་གྱང་མིན་འདུག་ཟེར་ དྲུང་པ་གིས་ བཤདཔ་མ་ཚད་ མི་སེར་ཚུ་ ཉེན་སྲུང་གི་དོན་ལུ་ དྲན་པ་བཏོན་ཏེ་ར་ སྡོདཔ་མས་ཟེར་ཨིན་པས།

བཟོ་སྐྲུན་གྱི་ ལཱ་ཚུ་ཡང་ འཕྲོ་མཐུད་འབད་དོ་ཡོདཔ་ད་ སྲུང་སྐྱོབ་དང་ གདོང་ཁར་ཐོན་ཏེ་ སྒྲིག་གཡོག་རྒྱུག་མི་ཚུ་ ཟླཝ་རེ་ནང་ ནད་ཡམས་ཀྱི་ བརྟག་དཔྱད་ཐེངས་༢ རེ་ འབད་དོ་ཡོད་ཨིན་པས།

རྡོ་རོ་ཁ་དེ་ ཉེན་སྲུང་དང་ལྡནམ་ཨིན་རུང་ ཕུན་ཚོགས་གླིང་གི་ འགྲོ་འགྲུལ་བཀག་དམ་དེ་ ནམ་ཆ་མེད་གཏང་ནི་ཨིན་ན་ དེ་ལུ་ རག་ལས་ནི་ཨིནམ་ད་ རྡོ་རོ་ཁ་དྲུང་པ་གིས་ ས་གནས་དེ་ནང་ལས་ ཚོང་པ་མང་ཤོས་ཅིག་ར་ ཕུན་ཚོགས་གླིང་ལུ་ འགྱོ་དོ་ཡོདཔ་ལས་ ཉེན་ཁ་ཡོད་ཟེར་ བཤདཔ་ཨིན་པ་གནས་ཚུལ།

སྐད་སྒྱུར་ ཉིམ་རྡོ་རྗེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *