༉ བསམ་རྩེ་ འཇམ་དབྱངས་དགྱེས་པའི་གླིང་ཆོས་ཚོགས་ནང་སྦེ་ ཀཿཐོག་སི་ཏུ་རིན་པོ་ཆེ་མཆོག་གིས་ དབུ་བཞུགས་ཐོག་ལས་ འཇམ་དབྱངས་དགྱེས་པའི་གླིང་ཆོས་ཚོགས་ཀྱི་ བླ་སློབ་ཞལ་གྲངས་༢༠༠ ལྷགཔ་ཅིག་གིས་ ཕུར་པ་གནམ་ལྕགས་སྤུ་གྲིའི་སྒྲུབ་ཆེན་ འགོ་འདྲེན་འཐབ་གནང་མི་དེ་ གྲོལཝ་དང་འབྲེལ་ཏེ་ དད་ཅན་སྟོང་ཕྲག་ལས་བཅད་འཛོམས་མི་ཚུ་ལུ་ ཚེ་དབང་གནང་ཡོདཔ་ཨིན་པས།
རང་ཟླ་༡༢ པའི་ཚེས་༡ ལས་འགོ་བཙུགས་ཏེ་ ཚེས་༩ ཚུན་ ཉིན་གྲངས་༩ འི་རིང་ སྒྲུབ་ཆེན་གནང་ཡོདཔ་ད་ དེ་ཡང་ འཇམ་དབྱངས་དགྱེས་པའི་གླིང་ཆོས་ཚོགས་ཀྱིས་ འགོ་འདྲེན་འཐབ་མི་དེ་ འགོ་དང་པ་ཨིན་པས།
འཇམ་དབྱངས་དགྱེས་པའི་གླིང་ཆོས་ཚོགས་དེ་ བསམ་རྩེ་རྫོང་ཁག་ བཀྲིས་ཆོས་གླིང་རྒེད་འོག་ བཀྲིས་ཆོས་གླིང་དྲུང་ཁག་འོག་ལུ་ ཆགས་ཡོདཔ་ཨིན་པས།
འཇམ་དབྱངས་དགྱེས་པའི་གླིང་ཆོས་ཚོགས་ཀྱི་ གདོང་དེབ་ནང་ སྙན་ཞུ་འབད་དོ་འབད་བ་ཅིན་ དེ་སྦེ་འགོ་འདྲེན་འཐབ་དགོ་མི་དེ་ཡང་ སྤྱིར་བསྟན་འགྲོའི་མཐའ་དོན་དང་ ལྷག་པར་དུ་ འབྲུག་གི་སྤྱི་ནོར་དམ་པ་ ཆོས་རྒྱལ་ཡབ་མེས་སྲས་༣ དང་ སྐུ་འཁོར་རྣམས་ སྐུ་ཚེ་ཞབས་པད་བརྟན་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ དམིགས་ཡུལ་ཚུ་ འགྲུབ་ཐབས་ལུ་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ འཛམ་གླིང་ནང་ ནད་ཡམས་དང་ དམག་འཁྲུག་ལ་སོགས་པའི་ མི་འདོད་པའི་རྐྱེན་ངན་ཚུ་ ཞི་ཐབས་དོན་ལུ་ དམིགས་ཏེ་ ཀཿཐོག་སི་ཏུ་རིན་པོ་ཆེ་མཆོག་གིས་ དབུ་བཞུགས་མཛད་གནང་ཡོདཔ་སྦེ་ཨིན་པས།
སྤྱི་ལོ་༢༠༢༣ ཟླ་༡ པའི་ཚེས་༢༡ ལུ་ ས་ཆོག་དང་ རྒྱན་འགོད་གནང་ཡོདཔ་ད་ དེ་གི་ནངས་པ་ལས་ ཁྲོལ་སྒྲུབ་དང་ སྨན་སྦོལ་བ་ ཕྱེ་སྒྲུབ་ དེ་ལས་ ཚེས་༢༩ ལུ་ སྒྲུབ་ཆེན་གནང་མིའི་ དངོས་གྲུབ་བླང་དབང་གནང་ཡོདཔ་ཨིན་པས།
སྒྲུབ་ཆེན་དེ་ འགོ་དང་པ་ འགོ་འདྲེན་འཐབ་ནི་དེ་གིས་ འབྲུག་གི་བློན་ཆེན་ ཌོག་ཊར་བློ་གྲོས་ཚེ་རིང་དང་ ནུས་ཤུགས་དང་རང་བཞིན་ཐོན་སྐྱེད་ལྷན་ཁག་གི་བློན་པོ་ ལོག་ནཱཐ་ཤར་མ་༢ ཀྱིས་ཡང་ ཐུགས་སྨོན་ཚུ་ གནང་ཡོདཔ་ཨིན་པས།
རིན་པོ་ཆེ་མཆོག་ལུ་ བསམ་རྩེ་རྫོང་ཁག་གི་ རྫོང་བདག་དང་ ལས་སྡེ་ཁག་གི་འགོ་དཔོན་ ཞི་གཡོགཔ་དང་ ལས་འཛིན་ སྒེར་སྡེ་ དེ་ལས་ དད་ཅན་མི་སེར་ཚུ་གིས་ མནྜལ་སྐུ་གསུང་ཐུགས་རྟེན་ ཕུལ་ཡོདཔ་ཨིན་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།