ཚོགས་རྒྱན་བཙུགས་ནིའི་དོན་ལུ་ གྱལ་བཙར་སྡོད་པའི་བསྒང་།

བསམ་རྩེ་རྒེད་འོག་ལས་ ཚོང་པ་ཅིག་གདམ་ངོ་སྦེ་ གདམ་འཐུ་འབད་ཡོདཔ།

སྤྱི་ཟླ་༤ པའི་ཚེས་༢༠ ལུ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་ནང་ དོ་འགྲན་འབད་ནིའི་དོན་ལུ་ བསམ་རྩེ་རྒེད་འོག་ལས་ དོ་འགྲན་འབད་མི་ གཞན་མེདཔ་ལས་ ཚོང་པ་ཅིག་ཨིན་མི་ སྐྱེས་ལོ་༣༥ ལང་མི་ བསམ་གཏན་ལེབ་ཅ་ གདམ་འཐུ་འབད་ཡོདཔ་ཨིན་པས།

རྒེད་འོག་ལས་ གདམ་འཐུ་འབད་ནིའི་དོན་ལུ་ ས་ཁོངས་སོ་སོའི་ནང་ འཛོམས་འདུ་ཁག་༢ འགོ་འདྲེན་འཐབ་ཡོདཔ་ད་ སྤྱི་ཟླ་༣ པའི་ཚེས་༤ ལུ་ རྒེད་འོག་ལྟེ་བའི་ནང་ འཛོམས་འདུ་འགོ་འདྲེན་འཐབ་པའི་སྐབས་ ཁོ་གིས་ ཚོགས་རྒྱན་དགོ་༢༠༩ དང་ མི་དགོ་༦༣ ཐོབ་ཡོདཔ་བཞིན་དུ་ ཁ་ཙ་ བུ་ཀེ་སྨན་སྤྲོད་ཁང་ནང་ ཚོགས་རྒྱན་༡༩༠ བཙུགས་ཡོད་ས་ལས་ དགོ་ཟེར་བའི་ ཚོགས་རྒྱན་༡༦༤ ཐོབ་ཡོདཔ་ཨིན་པས།

བསམ་གཏན་ལེབ་ཅ་གིས་ འཛོམས་འདུ་༢ ལས་ དགོ་ཟེར་བའི་ཚོགས་རྒྱན་བསྡོམས་༣༧༣ དང་ མི་དགོའི་ཚོགས་རྒྱན་༨༩ ཐོབ་ཡོདཔ་ད་ བསམ་རྩེའི་བཙག་འཐུའི་འགོ་དཔོན་ ཚེ་རིང་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ འཛོམས་འདུའི་ནང་ ཚོགས་རྒྱན་བཙུགས་མི་ ལེ་ཤ་འོང་ནུག་ཟེར་ཨིནམ་ད་ ཚོགས་རྒྱན་བཙུགས་ནི་དེ་ ཁ་ཙ་ ཉིན་མའི་ཆུ་ཚོད་༣ ལུ་ སྒོ་བསྡམས་ཡོདཔ་ཨིན་པས།

རྒེད་འོག་ལྟེ་བའི་ འཛོམས་འདུ་གི་ ཚོགས་རྒྱན་གྲུབ་འབྲས་དེ་ བུ་ཀེ་སྨན་སྤྲོད་སྨན་ཁང་ནང་ གསལ་བསྒྲགས་འབད་ཡོདཔ་བཞིན་དུ་ སྨན་སྤྲོད་ཁང་ནང་ ཚོགས་རྒྱན་བཙུགས་མི་ཚུ་ དྲོ་པ་ཧ་སག་ལས་ འཛོམས་ཡོདཔ་ཨིན་པས།

ཚོགས་རྒྱན་མཇུག་བཙུགས་མི་ མཱལ་བ་སེ་གཡུས་ཚན་ལས་ སྐྱེས་ལོ་༥༦ ལང་མི་ ཧ་རི་ག་ལེ་གིས་ སླབ་མིའི་ནང་ ད་ལྟོ་དང་ ཧེ་མ་གི་ ཚོགས་སྡེའི་འཐུས་མི་༢ ཆ་ར་གིས་ ལཱ་འབད་མི་ལུ་ ངལ་རངས་ཡི་ཟེར་ཨིནམ་ད་ འཐུས་མི་གསརཔ་ལས་ འཐུང་ཆུའི་ཞབས་ཏོག་གི་ རེ་བ་ཡོད་ཟེར་ཨིནམ་ལས་ འཐུང་ཆུའི་འཆར་གཞི་དེ་ སྤྱི་ལོ་༢༠༠༥ ལུ་ བརྩམས་ཡོདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ ཧེ་མའི་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ཚུ་གིས་ ཕྱག་ལེགས་ཤོམ་ཞུ་ཡོདཔ་ལས་ ད་ལྟོའི་འཐུས་མི་གསརཔ་ཚུ་གིས་ གོང་འཕེལ་དང་ སྲིད་བྱུས་བསྒྱུར་བཅོས་ཚུ་ནང་ ལྷན་ཐབས་ག་དེ་སྦེ་འདུག་ག་ བལྟ་ནི་ཟེར་ཨིན་པས།

ཚོགས་རྒྱན་བཙུགས་པར་འོང་མི་ གཞན་མི་ཅིག་གིས་ སླབ་མིའི་ནང་ དོ་འགྲན་འབད་མི་ འཐུས་མི་༡ ལས་མེད་རུང་ འབྲུག་མི་ཅིག་འབདཝ་ལས་ ཚོགས་རྒྱན་བཙུགས་ནི་དེ་ འགན་ཁུར་ངོ་མ་ཅིག་སྦེ་ མནོ་དོ་ཟེར་ཨིནམ་ད་ དོ་འགྲན་འབད་མི་ལེ་ཤ་ཡོད་པ་ཅིན་ མི་ཚུ་གིས་ སྤྲོ་བ་ཐེབས་བསྐྱེད་ནི་མས་ཟེར་ཨིན་པས།

བསམ་རྩེ་རྫོང་ཁག་གིས་ རྒེད་འོག་འཛོམས་འདུ་ཚུ་ སྤྱི་ཟླ་༢ པའི་ཚེས་༢༨ ལས་ འགོ་བཙུགས་ཡོདཔ་བཞིན་དུ་ ད་རིས་ ཕུན་ཚོགས་དཔལ་རི་རྒེད་འོག་ལྟེ་བ་དང་ བསམ་རྩེ་ཁྲོམ་༢ ནང་ འཛོམས་འདུ་འགོ་འདྲེན་འཐབ་ཐོག་ལས་ རྫོང་ཁག་གི་ འཛོམས་འདུ་མཇུག་ནི་ཨིན་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *