བསམ་རྩེ་དང་ སྒོམ་ཀྲུ་ལུ་ ཀོ་བིཌ་-༡༩ ཐོབ་མི་མངམ་ཐོན་དོ་ཡོདཔ།

༉ བསམ་རྩེ་རྫོང་ཁག་ སྒོམ་ཀྲུ་ལུ་ འགྲོ་འགྲུལ་བཀག་དམ་ དུམ་གྲ་ཅིག་ ལྷོད་ཡངས་བཟོ་སྟེ་ ཉིན་གྲངས་༡ ལངམ་ཅིག་ སྤྱི་ཟླ་༧ པའི་ཚེས་༦ ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་༢༥ ངོས་བཟུང་འབད་ཡོདཔ་ད་ ནད་འབུབ་ཐོབ་མི་གསརཔ་ག་ར་ ས་ཁོངས་ཚོས་གཞི་དམརཔོ་སྦེ་ ངོས་འཛིན་འབད་ཡོད་མི་ དཔལ་ལྡན་རྩི་ས་དབང་འཛིན་གྱི་ ཤཱན་ཏི་སྡོད་ཁྱིམ་ས་ཁོངས་ནང་སྡོད་མི་ཨིན་པས།

ཤཱན་ཏི་སྡོད་ཁྱིམ་ས་ཁོངས་ནང་ལས་ སྐྱེས་ལོ་༢༥ ལང་མི་ དེད་གཡོགཔ་ཅིག་གིས་ སྤྱི་ཟླ་༧ པའི་ཚེས་༥ ལུ་ ཀོ་བིཌ་-༡༩ འི་སྒྲིག་གཞི་ལུ་ མ་གནས་པར་ གསང་བའི་ཐོག་ལས་ ཕྱི་ཁར་ཐོན་སོང་ཡོདཔ་ཨིན་པས།

རྫོང་ཁག་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གི་ བྱུང་རྐྱེན་བཀོད་དཔོན་ཡང་ཨིན་མི་ བསམ་རྩེ་རྫོང་བདག་ པ་སངས་རྡོ་རྗེ་གིས་ སླབ་མིའི་ནང་ ཕོ་སྐྱེས་དེ་ སྤྱི་ཟླ་༧ པའི་ཚེས་༦ ལུ་ བཟུང་འཛིན་འབད་དེ་ ཟུར་བཞག་མཐུན་རྐྱེན་ནང་ བཞག་སྟེ་ཡོད་ཟེར་ཨིན་མས།

རྫོང་བདག་གིས་འབད་བ་ཅིན་ ཤཱན་ཏི་སྡོད་ཁྱིམ་ས་ཁོངས་ལས་ ནད་འབུབ་ཐོབ་མི་ཚུ་ལུ་ ཚ་གྱང་ལང་དགོཔ་མེད་མི་དེ་ཡང་ སྡོད་ཁྱིམ་ཚུ་གཅིག་ཁར་སྦྱེལ་ཏེ་ཡོད་པའི་ཁར་ མི་ཚུ་ཡང་གཞན་དང་ སླ་བསྲེས་མེད་པར་ རྐྱང་གནས་སྦེ་ བཞག་ཡོདཔ་ལས་ ནད་ཡམས་འཕྱེལ་འགྱོ་ནིའི་ ཉེན་ཁ་མེད་ཟེར་ཨིན་མས།

གནས་ཚུལ་འབྱུང་ཁུངས་དང་འཁྲིལ་བ་ཅིན་ སྒོམ་ཀྲུ་ལུ་ མི་ཚུ་ཟུར་བཞག་ནིའི་ མཐུན་རྐྱེན་དང་ ནད་ཡམས་ཐོབ་མི་ཚུ་ སྨན་ཁང་ནང་ རྐྱང་གནས་ཐོག་ སོ་སོར་བཞག་སའི་ མཐུན་རྐྱེན་ལངམ་མེད་པའི་ གདོང་ལེན་བྱུང་སྟེ་ཡོདཔ་ཨིན་པས།

བསམ་རྩེ་རྫོང་བདག་གིས་ སླབ་མིའི་ནང་ སྒོམ་ཀྲུ་ལུ་ ཟ་ཁང་དང་ མགྱོན་ཁྱིམ་ཚུ་མེད་པའི་ཁར་ དཔལ་ལྡན་རྩི་ས་དབང་འཛིན་དང་ ལྷ་སྐྱིད་རྩི་ས་ལས་སྡེའི་ མགྱོན་ཁྱིམ་ཚུ་ཡོད་རུང་ དེ་ཚུ་ནང་སྟོངམ་འཐོན་ནི་མེད་ཟེར་ཨིན་པས།

དེ་འབདཝ་ལས་ མི་ཚུ་ ཟུར་བཞག་ནིའི་དོན་ལུ་ ད་ཚུན་གྱི་བར་ན་ སྒེར་ཁྱིམ་སྟོངམ་དང་ བཟོ་གྲྭ་འཕྲུལ་ཁང་གི་ ལས་བྱེད་པའི་ སྡོད་ཁྱིམ་སྟོངམ་ཡོད་མི་ཚུ་ ལག་ལེན་འཐབ་ཐོག་ལས་ བདེ་སྒྲིག་བཟོ་དོ་ཟེར་ རྫོང་བདག་གིས་ བཤདཔ་ཨིན་པས།

གནས་སྐབས་ཅིག་གི་དོན་ལུ་ ཁང་ཚན་༡༢ འབད་མི་ ཟུར་བཞག་ཁང་ཅིག་ གསང་སྤྱོད་དང་སྦྲགས་ རྐྱབ་ཡོདཔ་ཨིན་པས།

དེ་ལས་ ཀྲི་ཀྲི་གཡུས་ཚན་ནང་ལས་ ཀོ་བིཌ་-༡༩ ཐོབ་མི་ཚུ་ ཁོང་རའི་གཡུས་སྒོ་ནང་ར་ ཟུར་བཞག་སྟེ་ཡོདཔ་ད་ སྒོམ་ཀྲུ་གཞི་རྟེན་སྨན་ཁང་སྡེ་རིམ་༡ པའི་ནང་ རྐྱང་གནས་ནད་ཁང་༢ མ་གཏོགས་མེདཔ་ཨིན་པས།

ང་བཅས་ཀྱིས་ ནད་འབུབ་ཐོབ་མི་ཚུ་ ཉེན་ཁ་ཡོདཔ་ལས་ སྨན་ཁང་ནང་ བཞག་ནི་མེད་ཟེར་ རྫོང་བདག་པ་སངས་རྡོ་རྗེ་གིས་ བཤད་པའི་ཁར་ ནད་རྟགས་ཐོན་མི་ཚུ་ སྨན་ཁང་ནང་ དུས་ཡུན་ཆུ་ཚོད་༡ དང་༢ དེ་ཅིག་ བཞག་ཞིནམ་ལས་ རྐྱང་གནས་ཟུར་བཞག་ཁང་ནང་ སྤོ་བཤུད་འབདཝ་ཨིན་ཟེར་ བཤདཔ་ཨིན་པས།

སྤྱི་ཟླ་༧ པའི་ཚེས་༦ ལུ་ སྒོམ་ཀྲུ་ལུ་ ནད་ཡམས་ཐོབ་མི་༢༥ བརྩིས་ཏེ་ བསམ་རྩེ་ལས་ ཀོ་བིཌ་-༡༩ ཐོབ་མི་༣༠ ངོས་བཟུང་འབད་ཡོདཔ་ད་ དེ་ནང་ལས་༢ བསམ་རྩེ་ཁྲོམ་ཁར་སྡོད་མི་ སློབ་ཕྲུག་ཨིནམ་ད་ ཁ་ཙ་ མི་༣༠ ལུ་ ནད་ཡམས་ཐོབ་མི་ཚུ་ ཧེ་མ་ཀོ་བིཌ་-༡༩ ཐོབ་མི་ཚུ་དང་ འབྲེལ་བ་འཐབ་མི་ཨིན་པས།

ཀོ་བིཌ་-༡༩ ཐོབ་མི་ སློབ་ཕྲུག་གཉིས་དང་ ཐད་ཀར་དུ་ འབྲེལ་བ་འཐབ་མི་ སློབ་ཕྲུག་༣༥ ངོས་འཛིན་འབད་ཡོདཔ་བཞིན་དུ་ འབྲེལ་བ་འཐབ་མི་ཚུ་དང་འཁྲིལ་ སྤུངས་འཛོམས་སྦེ་ཡོད་མི་ ས་ཁོངས་ནང་ ནད་ཡམས་ཀྱི་ བརྟག་དཔྱད་འབད་འོང་ཟེར་ བྱུང་རྐྱེན་བཀོད་དཔོན་གྱིས་ བཤདཔ་ཨིན་པས།

བརྟག་དཔྱད་ཚུ་ཡང་ ཉིན་གྲངས་༣ དང་༧ དེ་ལས་ ཉིནམ་༡༤ ནང་ འབད་ནི་ཨིནམ་བཞིན་དུ་ ཉེན་ཁ་ཅན་གྱི་ ས་ཁོངས་ནང་གི་མི་ཚེ་ ཟུར་བཞག་མཐུན་རྐྱེན་ཚུ་ནང་ བཞག་ནི་ཨིན་པས།

གསོ་བའི་སྡེ་ཚན་གྱིས་ དུས་རྒྱུན་གྱི་ བརྟག་དཔྱད་འབད་བའི་སྐབས་ མི་སྡེའི་ནང་ལས་ མི་༡ ལུ་ ཀོ་བིཌ་-༡༩ ཐོབ་ཡོད་པའི་ གྲུབ་འབྲས་ཐོན་མི་དང་འཁྲིལ་ སྤྱི་ཟླ་༧ པའི་སྤྱི་ཚེས་༥ ལས་ དུས་ཡུན་ཆུ་ཚོད་༧༢ ཀྱི་རིང་ བསམ་རྩེ་ཁྲོམ་དང་ བསམ་རྩེ་རྒེད་འོག་གཉིས་ནང་ འགྲོ་འགྲུལ་བཀག་དམ་འབད་ཡོདཔ་ད་ ནད་འབུབ་ཐོབ་མི་དང་ འབྲེལ་བ་འཐབ་མི་ཚུ་ འཚོལ་ཞིབ་འབད་བའི་བསྒང་ཡོད་པའི་གནས་ཚུལ།

སྐད་སྒྱུར་-པདྨ་ཆོས་སྐྱིད། 

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *