ཕན་ཐོགས་འབྱུང་མ་ཚུགས་པར་ལུས་མི་ པདྨ་གླིང་ཆུ་གཡུར།

བསམ་རྩེ་གི་ ཆུ་གཡུར་ལས་རིམ་མང་ཤོས་ར་ མཐར་འཁྱོལ་འབྱུང་མ་ཚུགས་པར་ཡོདཔ།

༉ བསམ་རྩེ་ བཀྲིས་ཆོས་གླིང་དང་ ནོར་བུ་སྒང་རྒེད་འོག་ནང་ ས་འཚོ་དྲགས་དང་ རྒྱ་ཆེ་དྲགས་སྦེ་ཡོད་མི་ལུ་བརྟེན་ སོ་ནམ་ཐོན་སྐྱེད་ཐོག་ལས་ འོས་འབབ་བཟོ་ནིའི་དོན་ལུ་ ཟད་འགྲོ་ལེ་ཤ་བཏང་ཡོདཔ་ཨིན་པས།

སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ བཀྲིས་ཆོས་གླིང་ལུ་ ཞིང་ཆུ་ཁག་༢ དང་ ནོར་བུ་སྒང་ལུ་༡ འབདཝ་ད་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡༢༨ དེ་ཅིག་ བཏང་ཡོདཔ་བཞིན་དུ་ ལཱ་ཚུ་ཁག་འབགཔ་ལུ་སྤྲོད་ཞིནམ་ལས་ ལྷན་ཁག་གིས་ འཛིན་སྐྱོང་འཐབ་ཡོདཔ་ཨིན་རུང་ ད་རེས་ ཞིང་ཆུ་བཏོན་ནིའི་ལཱ་ཚུ་ གནད་དོན་ལེ་ཤ་ཅིག་ལུ་བརྟེན་ མཐར་འཁྱོལ་འབྱུང་མ་ཚུགས་པས། 

པདྨ་གླིང་ཆུ་གཡུར་ལས་རིམ།

བཀྲིས་ཆོས་གླིང་གི་ ཀི་ལོ་མི་ཊར་༨ འབད་མི་ཆུ་གཡུར་དེ་ པདྨ་གླིང་རྒེད་འོག་ ཆུ་བསིལ་སྒང་དགྲ་མེད་ས་ལུ་ལྷོདཔ་ད་ ཐོགས་ལུས་ཡོདཔ་ད་ ས་གནས་ཁག་མང་ཤོས་ཅིག་ནང་ ཆུ་གཡུར་དེ་ རྩྭ་གིས་སྤུབས་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༦ ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༦༢ བཏང་ཐོག་ལས་ བི་རུ་ཆུ་ལས་བཏོན་མི་དེ་ གནམ་བྱཱར་ཆརཔ་གིས་ མེདཔ་བཏང་ཡོདཔ་ད་ ཤུལ་ལས་ ཟད་འགྲོ་དངུལ་ཀྲམ་ས་ཡ་༩.༦ བཏང་ཡོད་རུང་ ཆུ་གཡུར་དེ་གིས་ ལག་ལེན་པ་ཚུ་ལུ་ ཕན་ཐོགས་མ་ཚུགས་པས།

ད་རུང་ ད་རེས་ནངས་པར་ ཟད་འགྲོ་དངུལ་ཀྲམ་ས་ཡ་༤༤ བཏང་སྟེ་ བཟོ་སྐྲུན་འབད་མི་ ཆུ་གཡུར་ཀི་ལོ་མི་ཊར་༨ འབད་མི་དེ་ ཉམས་བཅོས་འབད་ནི་ འགོ་བཙུགས་ཡོདཔ་ད་ ལས་འགུལ་གསརཔ་དེ་གིས་ ལཱ་འབད་མ་བཏུབ་མི་ཆུ་གཡུར་ནང་ ཆུ་དུང་བཙུགས་ནི་ཨིན་པས།

དེ་འབདཝ་ད་ དངུལ་ཀྲམ་ས་ཡ་༦༢ དང་ ད་རུང་ ཉམས་བཅོས་ཀྱི་དོན་ལུ་ དངུལ་ཀྲམ་ས་ཡ་༩.༦ བཏང་མི་དེ་ ག་ཏེ་བསྐྱལ་ཡོདཔ་ཨིན་ན་དང་ ཆུ་བསིལ་སྒང་དགྲ་མེད་ས་གི་ མི་སེར་ཚུ་ གཞུང་ལུ་སྐུ་གྱོང་ཕོག་མི་ལུ་ སེམས་ཕམ་སྟེ་འདུག།

དེ་མ་ཚད་ གཡུས་ཚན་དེ་གི་ ཁྱིམ་གུང་པ་༡༡ གིས་ ཆུ་གཡུར་རྐྱབ་པའི་སྐབས་ ཁོང་གི་ཞིང་ནང་ ལོ་ཐོག་མེདཔ་བཏང་མིའི་ རྒུད་འཐུས་ལུ་ སྒུག་སྟེ་འདུག།

སོ་ནམ་བཟོ་རིག་སྡེ་ཚན་གྱི་དོགས་སེལ།

སོ་ནམ་དང་ནགས་ཚལ་ལྷན་ཁག་གི་ བཟོ་རིག་སྡེ་ཚན་ནང་ལས་ བཟོ་རིགཔ་ཅིག་གིས་ སླབ་མིའི་ནང་ པདྨ་གླིང་གི་ བཟོ་སྐྲུན་མཇུག་བསྡུ་བའི་ཤུལ་ལས་ མི་སེར་ཚུ་གིས་ ལཱ་དེ་ རྩིས་སྤྲོད་དགོཔ་སྦེ་ སླབ་པའི་ཤུལ་ལས་ སོ་ནམ་བློན་པོ་བགྲེསཔ་གིས་ རྩིས་སྤྲོད་གནང་ནི་ཨིན་རུང་ བློན་པོ་དེ་ ས་ཁོངས་ནང་མ་ལྷོདཔ་ཅིག་ཁར་ ས་གནས་གལ་ཅན་ཅིག་ནང་ ཆུ་གཡུར་ཁག་༡ ཆུ་རུད་ཀྱིས་འཕྱགས་བདའ་མི་ལུ་བརྟེན་ དུས་ཚོད་ཁར་ རྩིས་སྤྲོད་མ་ཚུགས་ཟེར་ཨིནམ་ད་ ཉམས་བཅོས་འབད་མ་ཚར་བའི་ཧེ་མར་ ད་རུང་ ས་རུད་ཀྱིས་ འཕྱགས་བདའ་ཡི་ཟེར་ཨིན་པས།

དེ་ལས་ ཆུ་གཡུར་དེ་ ཉམས་བཅོས་འབད་མ་ཚུགས་པར་ ལུས་ཞིནམ་ལས་ འཆར་ལོ་༢༠༡༧ དང་༢༠༡༨ ལུ་ དངུལ་ཀྲམ་ས་ཡ་༩.༦ བཏང་སྟེ་ ལེགས་བཅོས་འབད་དེ་ སོ་ནམ་པ་དག་པ་ཅིག་ལུ་ ཕན་ཐོགས་ཡོད་རུང་ རྩིས་སྤྲོད་འབད་དེ་ ཟླཝ་༡ དེ་ཅིག་གི་རྒྱབ་ལས་ ད་རུང་ ས་རུད་ཀྱིས་ མེདཔ་བཏང་ཡོདཔ་ཨིན་པས།

ཨིན་རུང་ ཟད་འགྲོ་དངུལ་ཀྲམ་ས་ཡ་༤༤ ཆུ་ཤུགས་འོང་ནིའི་དོན་ལུ་ ཆུ་རྐའི་ས་ཁོངས་ཀྱི་ཆུ་གཡུར་ ཀི་ལོ་མི་ཊར་ཕྱེད་ཀ་དེ་ཅིག་ སྟེགས་རྩིག་བཟོ་ནིའི་དོན་ལུ་ཨིན་ཟེར་ བཟོ་རིག་པ་གིས་ བཤད་ཡོདཔ་ད་ དེ་གིས་ བརྒྱ་ཆ་སྦེ་ཕན་མ་ཐོགས་རུང་ བརྒྱ་ཆ་༩༠ དེ་ཅིག་ ཕན་ཐོགས་ཚུགས་པའི་རེ་བ་ཡོད་ཟེར་ ཁོ་གིས་བཤདཔ་ཨིན་པས།

དེ་འབདཝ་ད་ རྒྱལ་ཡོངས་ཞིང་ཆུའི་སྲིད་བྱུས་ནང་ རྒུད་འཐུས་ཀྱི་སྐོར་ལས་འཁོད་དེ་མེདཔ་ལས་ ཆུ་བསིལ་སྒང་དགྲ་མེད་ས་གི་ མི་སེར་ཚུ་གིས་ རྒུད་འཐུས་མི་འཐོབ་ནི་བཟུམ་ཅིག་ཡོདཔ་ཨིན་པས།

སེངྒེ་སྒང་གི་ཆུ་གཡུར།

བཀྲིས་ཆོས་གླིང་ སེངྒེ་སྒང་གཡུས་ཚན་གྱི་མི་ཚུ་ ལོ་ངོ་བཅུ་ཕྲག་༣ དེ་ཅིག་ ལྕང་ལཱ་མ་རྐྱབ་པར་ལུས་པའི་ཤུལ་ལས་ སྤྱི་ལོ་༢༠༡༧ ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༢༠ བཏང་སྟེ་ ཞིང་ཆུ་ལེགས་བཅོས་འབད་ནི་ འགོ་བཙུགས་པའི་སྐབས་ ཁྱིམ་གུང་པ་༡༠༦ གི་ མི་སེར་ཚུ་ རེ་བ་སྦོམ་བསྐྱེད་དེ་ ལས་མིའི་རྒྱབ་སྐྱོར་འབད་ཡོད་རུང་ ཡུན་བརྟན་ཅིག་མེད་མི་དེ་ཡང་ ཆུ་དེ་ གློག་མེ་གིས་ འཐེན་དགོ་མི་ལུ་བརྟེན་ ཆུ་འཐེན་འཕྲུལ་ལག་ལེན་འཐབ་ད་ འགོ་ཐོག་ལུ་ གློག་མེའི་ཁྲལ་དེ་ ཆུ་ཚོད་རེ་ནང་ དངུལ་ཀྲམ་༡༥༠༠ རེ་ཐོན་ཡོད་རུང་ ན་ཧིང་ ཉམས་བཅོས་འབད་ཞིནམ་ལས་ ཟླ་རིམ་བཞིན་དུ་ གློག་མེའི་ཁྲལ་དངུལ་ཀྲམ་༥༠༠༠ དང་༦༠༠༠ གི་བར་ན་ ཐོན་ཡོདཔ་ཨིན་པས།

དེ་ལུ་ སོ་ནམ་བཟོ་རིག་སྡེ་ཚན་ནང་ལས་ བཟོ་རིག་པ་དེ་གིས་ སླབ་མིའི་ནང་ སྡེ་ཚན་ནང་ གློག་མེའི་བཟོ་རིགཔ་དང་ གློག་མེ་འཐེན་འཕྲུལ་ཨམ་གི་ འཕྲུལ་ལསཔ་མེདཔ་ལས་ ཆུ་འཐེན་འཕྲུལ་ཨམ་ གཞི་བཙུགས་འབད་ཚར་བའི་ཤུལ་ལས་ གོ་རིམ་༣ པའི་གློག་རྒྱུན་ལམ་ དགོ་ནི་དེ་གིས་ གློག་མེའི་ཁྲལ་ མང་སུ་ཐོན་རུང་ འབྲུག་གློག་མེ་ལས་འཛིན་གྱིས་ མ་འོངས་པ་ལུ་ གློག་རྒྱུན་ལམ་དེ་ བཏོན་ནིའི་འཆར་གཞི་འདུག་ཟེར་ཨིན་པས།

རྟ་རེ་ཁོ་ལའི་ ཆུ་གཡུར་ལས་རིམ།

ནོར་བུ་སྒང་རྒེད་འོག་ནང་ ཁྱིམ་གུང་པ་༣༠༠ དེ་ཅིག་གི་ ས་ཞིང་ཨེ་ཀར་༡༠༠ ལྷགཔ་ཅིག་ལུ་ ཕན་ཐོགས་པའི་ མཚོ་རྫུས་མ་དེ་ སྤྱི་ལོ་༢༠༢༠ ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༣༦.༨ བཏང་སྟེ་ བཟོ་ཡོད་རུང་ མི་སེར་ཚུ་དང་འཁྲིལཝ་ད་ དཀའ་ངལ་དེ་ ཆུའི་རྐ་དང་ མཚོ་མཐུད་སྦྲེལ་འབད་མི་ བར་ནའི་ཆུ་དུང་ཚུ་ མེདཔ་ཐལ་ནི་དེ་གིས་ མཚོ་ནང་ ཆུ་མ་ལྷོད་པའི་དཀའ་ངལ་ཡོདཔ་ད་ ཆུ་དུང་ཚུ་ ས་འོག་ལུ་སྒྲིང་སྒྲི་སྦེ་ མ་བཙུགས་པས་ཟེར་ཨིན་པས།

སོ་ནམ་དང་ནགས་ཚལ་ལྷན་ཁག་གི་ བཟོ་རིག་སྡེ་ཚན་གྱི་ བཟོ་རིག་འགོ་དཔོན་གྱིས་ སླབ་མིའི་ནང་ ལས་འགུལ་དེ་ ཕྱིའི་ཆུ་གཡུར་གཙོ་བོ་གི་ བཟོ་སྐྲུན་མཇུག་བསྡུ་ཞིནམ་ལས་ ཁྱིམ་གུང་པ་ཚུ་ལུ་ བཀྲམ་སྤེལ་འབད་མི་ ནང་ནའི་མཐུད་སྦྲེལ་གྱི་ ལཱ་མཇུག་མ་བསྡུ་བར་ རྩིས་སྤྲོད་འབད་ནུག་ཟེར་ཨིན་པས། 

ནོར་བུ་སྒང་རྒཔོ་གིས་ ཧེ་མ་ ཀུན་གསལ་ལུ་སླབ་མིའི་ནང་ རྒེད་འོག་ཡིག་ཚང་གིས་ དེ་གི་སྐོར་ལས་ བསམ་རྩེ་རྫོང་ཁག་དང་ བློན་ཆེན་ཡིག་ཚང་ སོ་ནམ་ལྷན་ཁག་ རྩིས་ཞིབ་དབང་འཛིན་དང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཞུ་བ་ཕུལ་ཡི་ཟེར་ཨིན་པས།

དངུལ་ཀྲམ་ས་ཡ་༧ འབད་མི་ ཆུ་བཀྲམ་སྤེལ་གྱི་ལཱ་ཚུ་ཡང་ ཟླཝ་༦ དེ་ཅིག་གི་ ཧེ་མ་ལས་འགོ་བཙུགས་ཡོད་མི་དེ་ ད་ལྟོ་ མཇུག་མ་བསྡུ་བར་འདུག།

རྒྱལ་ཁབ་ནང་ ནང་འཁོད་ཀྱི་ཐོན་སྐྱེད་ རྒྱ་སྦོམ་སྦེ་མེད་ནི་དེ་གིས་ གནམ་དགུན་གྱི་ ཚོད་བསྲེ་དང་ཤིང་འབྲས་ཚུ་ ནང་འདྲེན་ལུ་བརྟེན་དོ་ཡོདཔ་ད་ སྤྱི་ལོ་༢༠༡༩ ལུ་ ནང་འདྲེན་འབད་མི་དེ་ སྤྱི་ལོ་༢༠༡༨ དང་ཕྱདཔ་ད་ དངུལ་ཀྲམ་ས་ཡ་༡༤༤ ཡར་སེང་སོང་ཡོདཔ་ཨིན་པས།

འབྲུག་རང་བཞིན་སླར་འབྱུང་ཐོན་སྐྱེད་གནས་སྡུད་༢༠༡༩ དང་འཁྲིལཝ་ད་ སྤྱི་ལོ་༢༠༡༩ ལུ་ འབྲུག་གིས་ དངུལ་ཀྲམ་ས་ཡ་༣༠༨.༧༥ གནས་པའི་ ཚོད་བསྲེའི་རིགས་དང་ དངུལ་ཀྲམ་ས་ཡ་༩༧.༡༦ གནས་པའི་ ཤིང་འབྲས་ཚུ་ ནང་འདྲེན་འབད་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཚེ་རིང་རྣམ་རྒྱལ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *