མར་ཚ་ལ་རྒཔོ་ སངས་རྒྱས་དབང་ཕྱུག་གིས་ ཞུ་བའི་བསྒང་།

བསམ་རང་ལུ་ ཕྱི་མི་ནང་སྐྱོད་དང་ ཅ་དམ་ཡིག་ཚང་ གཞི་བཙུགས་ཀྱི་ གྲོས་འཆར་བཙུགས་ནི།

༉ ཁ་ཙ་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ཚོགས་འདུ་གིས་ བསམ་རང་རྒེད་འོག་གི་ འཛུལ་སྒོའི་ནང་ ཕྱི་མི་ནང་སྐྱོད་དང་ འོང་འབབ་དང་ ཅ་དམ་ཡིག་ཚང་གཞི་བཙུགས་འབད་ནིའི་དོན་ལུ་ འབྲེལ་ཡོད་དབང་འཛིན་ཚུ་ལུ་ གྲོས་འཆར་བཙུགས་ནི་སྦེ་ གྲོས་ཐག་བཅད་ཅི།
བསམ་རང་རྒཔོ་ ཏ་ར་བིསི་ཏ་གིས་ རྫོང་ཁག་ཚོངས་འདུ་ནང་ འདས་པའི་ཟླཝ་༦ དེ་ཅིག་གི་ཧེ་མར་ འཛུལ་སྒོ་དེ་ཁར་ ཁྲིམས་སྲུང་འགག་སྡེའི་ ཡིག་ཚང་གཞི་བཙུགས་འབད་ཞིནམ་ལས་ཚུར་ ས་མཚམས་ཕྱི་ཁའི་མི་ཚུ་ ནང་ན་འོང་མི་དེ་ ལོག་ལྟབ་ཀྱིས་ བཀག་འཛིན་འབད་ཚུགས་ཏེ་ཡོད་ཟེར་ཞུ་ཡི།
རྒཔོ་གིས་འབད་ཅིན་ རྒེད་འོག་གི་ མི་ཚུ་གིས་ འཛུལ་སྒོ་ལས་ རྒྱུན་འགྲུལ་དང་ ཚོང་འབྲེལ་ཚུ་ འཐབ་དོ་ཡོདཔ་ལས་ ཕྱི་མི་ནང་སྐྱོད་དང་ འོང་འབབ་དང་ ཅ་དམ་ཡིག་ཚང་ཚུ་ གཞི་བཙུགས་འབད་བ་ཅིན་ ཁྲིམས་འགལ་ཐོག་ བྱ་ངན་དང་ ཚོང་འབྲེལ་འཐབ་མི་ཚུ་ ཚད་འཛིན་འབད་ནི་ལུ་ ཕན་ཁྱད་འབྱུང་ནི་མས་ཟེར་ཨིན་པས།
མར་ཚ་ལ་རྒཔོ་ སངས་རྒྱས་དབང་ཕྱུག་གིས་ ཞུ་མིའི་ནང་ འཛུལ་སྒོ་དེ་ ཁྲིམས་མཐུན་གྱི་ རྒྱུན་ལམ་མེན་རུང་ ཡིག་ཚང་དེ་ཚུ་ གཞི་བཙུགས་འབད་བ་ཅིན་ བསམ་རང་རྐྱངམ་གཅིག་ལུ་མེན་པར་ རྒེད་འོག་གཞན་༣ གྱི་ མི་ཚུ་ཡང་ དེ་ཁ་ལས་ རྒྱུན་འགྲུལ་ཐོག་ ཚོང་འབྲེལ་འཐབ་དོ་ཡོདཔ་ལས་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ རྫོང་ཁག་ཚོགས་འདུའི་ནང་ ཡིག་ཚང་དེ་ཚུ་ གཞི་བཙུགས་འབད་དགོཔ་ ཡོད་མེད་ཀྱི་སྐོར་ གསུང་གྲོས་རྒྱས་པར་གནང་པའི་ཤུལ་ལུ་ འབྲེལ་ཡོད་དབང་འཛིན་ཚུ་ལུ་ གྲོས་འཆར་བཙུགས་ནི་སྦེ་ གྲོས་ཐག་བཅད་ཟེར་ཨིན་པས།
ལུང་ཕྱོགས་ཕྱི་མི་ནང་སྐྱོད་ཡིག་ཚང་གི་ ལུང་ཕྱོགས་མདོ་ཆེན་གྱིས་ ཞུ་མིའི་ནང་ གནད་དོན་དེ་ གསརཔ་ཅིག་མེནམ་ལས་ དཀའ་ངལ་ཧེ་མ་ལས་ཡོདཔ་བཞིན་དུ་ ཡིག་ཚང་གཞི་བཙུགས་འབད་རུང་ མི་སྟོབས་ལངམ་ཡོདཔ་ལས་ གཏང་ཚུགས་ཟེར་ཨིན་པས།
དེ་འབདཝ་ད་ ས་མཚམས་དེ་ནང་ འདི་བཟུམ་མའི་ དཀའ་ངལ་ཡོད་མི་དེ་ གཞུང་ལུ་ ཤེས་རྟོགས་ཡོད་རུང་ ཡིག་ཚང་ཚུ་ གཞི་བཙུགས་མ་འབད་མི་དེ་ སྲུང་སྐྱོབ་ཀྱི་ གནད་དོན་ལུ་བརྟེན་མེན་ན་ཟེར་བའི་ དོགས་པ་ཡོད་ཟེར་ ལུང་ཕྱོགས་མདོ་ཆེན་གྱིས་ཞུ་ཡི།
ཁོ་གིས་འབད་བ་ཅིན་ ས་གནས་ཀྱི་ འཛུལ་སྒོ་དེ་ དང་པ་ར་ ཁྲིམས་མཐུན་བཟོ་དགོཔ་བཞིན་དུ་ ཡིག་ཚང་གཞི་བཙུགས་འབད་ནིའི་དོན་ལུ་ འོས་འབབ་ཚུ་ ག་དེ་སྦེ་ ཡོདཔ་ཨིན་ན་ཚུ་ཡང་ ལེགས་ཤོམ་སྦེ་ ཞིབ་དཔྱད་འབད་དེ་ བལྟ་དགོཔ་དེ་ཡང་ ཁག་ཆེ་ཟེར་ཨིན་པས།
རྫོང་བདག་ཐར་ཕྱིན་ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ ཕྱི་མི་ནང་སྐྱོད་དང་ འོང་འབབ་དང་ ཅ་དམ་འགོ་དཔོན་ཚུ་གིས་ དེ་ཁར་ འཕྲལ་འཕྲལ་ར་ ཞིབ་དཔྱད་ཚུ་ འགོ་འདྲེན་འཐབ་པ་ཅིན་ དཀའ་ངལ་སེལ་ཚུགས་འོང་ཟེར་ཨིན་པས།
ཚོགས་འདུའི་ཁྲི་འཛིན་ ལས་སྐྱིད་དབང་ཕྱུག་གིས་ བསམ་རང་གི་ འཛུལ་སྒོའི་ནང་ དཀའ་ངལ་ཡོདཔ་ ངེས་བདེན་ཨིན་པ་ཅིན་ མི་སེར་ཚུ་གི་ མཐའ་དོན་ལུ་དམིགས་ཏེ་ ཚོགས་འདུའི་ནང་ གྲོས་གཞི་བཙུགས་ཞིནམ་ལས་ གསུང་གྲོས་གནང་ཐོག་ སེལ་ཐབས་འབད་དགོ་ཟེར་བཤད་ཅི།
ཁོ་གིས་འབད་བ་ཅིན་ ད་ལྟོ་ འཛུལ་སྒོའི་ནང་ ཁྲིམས་སྲུང་འགག་པ་བཞག་མི་དེ་གིས་ བྱ་ངན་དང་ ཚུལ་མིན་ཐོག་ ཚོང་འབྲེལ་འཐབ་མི་ཚུ་ བཀག་འཛིན་འབད་ཚུགས་མི་ཚུགས་དང་ ཕྱི་མི་ནང་སྐྱོད་དང་ འོང་འབབ་དང་ ཅ་དམ་ཡིག་ཚང་གཞི་བཙུགས་འབད་ནིའི་ འོས་འབབ་ཡོད་མེད་ ཞིབ་དཔྱད་འབད་ནིའི་དོན་ལུ་ འབྲེལ་ཡོད་དབང་འཛིན་ཚུ་ལུ་ གྲོས་འཆར་བཙུགས་ནི་ཟེར་ ཨིན་པའི་གནས་ཚུལ

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *