བསམ་རང་རྒེད་འོག་ནང་ སོ་ནམ་དང་ སྒོ་ནོར་འགོ་དཔོན་མེད་པའི་གདོང་ལེན།

༉ བསམ་གྲུབ་ལྗོངས་མཁར་ བསམ་གྲུབ་ཆོས་གླིང་དྲུང་ཁག་ བསམ་རང་རྒེད་འོག་གི་ མི་སེར་ཚུ་གིས་ སྒོ་ནོར་དང་ སོ་ནམ་གྱི་ལཱ་ལུ་ བརྩོན་ཤུགས་བསྐྱེད་རུང་ ནད་གཞི་ལ་སོགས་པ་ཚུ་གིས་ གནོད་དོ་ཡོདཔ་ལས་ རྒེད་འོག་ནང་ སྒོ་ནོར་དང་ སོ་ནམ་འགོ་དཔོན་ཚུ་ ངེས་པར་དུ་ དགོཔ་ཨིན་པས།
སྣང་སྲིད་ཐང་ལས་ སྐྱེས་ལོ་༤༡ ལང་མི་ མ་ཎི་རཱཇ་ ལིམ་བུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་གིས་ བྱ་གསོ་སྐྱོང་ཁང་དེ་ དུས་ཅི་ འགོ་བཙུགས་ཡོདཔ་ད་ ཨིན་རུང་ འདས་པའི་ཟླཝ་༥ དང་༦ དེ་ཅིག་གི་བར་ན་ བྱ་༢༥ དེ་ཅིག་ལུ་ ཤི་རྐྱེན་བྱུང་མིའི་ནང་ ནད་གཞི་དེ་ ངོས་འཛིན་འབད་མ་ཚུགས་རུང་ ཨ་ཝ་དཀརཔོ་སྦེ་ ཐོན་དོ་ཡོད་པའི་ཁར་ གཟུགས་ཁར་རྨ་ཡང་ ཐོནམ་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྒེད་འོག་གིས་ བྱ་གསོ་སྐྱོང་འཐབ་མི་རེ་ལུ་ བྱ་༥༠ རེ་ རྒེད་འོག་གནང་བྱིན་མ་དངུལ་ཐོག་ལས་ བྱིན་ཡོདཔ་ལས་ སེམས་དགའ་སྟེ་ཡོད་ཟེར་ཨིནམ་ད་ ངོས་འཛིན་འབད་མ་ཚུགས་པའི་ ནད་གཞི་ལུ་བརྟེན་ བདུན་ཕྲག་ཨ་རྟག་ར་ བྱ་ཚུ་ཤི་དོ་ཡོད་རུང་ སྒོ་ནོར་ཡིག་ཚང་ནང་ སྨན་མེད་མི་ལུ་བརྟེན་ ཕན་ཐོགས་མིན་འདུག་ཟེར་ཨིནམ་ད་ ད་ལྟོ་ ཁོ་ལུ་ བྱ་༢༥ ཡོདཔ་ཨིན་པས།
ཆོས་སྡིངས་ལས་ སྐྱེས་ལོ་༥༨ ལང་མི་ རམ་ཅཱན་ད་ར་ པ་ར་དཱན་གྱིས་ སླབ་མིའི་ནང་ ཁོ་གིས་ཡང་ བྱ་གསོ་སྐྱོང་དེ་ དུས་ཅི་ འགོ་བཙུགས་ཡོདཔ་བཞིན་དུ་ བྱ་༧ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོད་རུང་ ད་ལྟོ་ བྱ་༤༣ དེ་ཅིག་ ཡོད་མི་ལུ་བརྟེན་ ཟླཝ་༡ ནང་ སྒོང་རྡོག་ཊེ་༡༠ དང་༡༢ དེ་ཅིག་ བུད་དོ་ཡོདཔ་ལས་ སྒོང་རྡོག་ཊེ་རེ་ལུ་ དངུལ་ཀྲམ་༢༥༠ རེ་སྦེ་ བཙོང་དོ་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ བྱ་གསོ་སྐྱོང་ལུ་བརྟེན་ མ་དངུལ་ལེགས་ཤོམ་བཟོ་ཚུགས་པའི་ ཕན་ཐོགས་ཡོད་རུང་ རྒེད་འོག་ནང་ སྒོ་ནོར་འགོ་དཔོན་མེདཔ་ལས་ སྨན་རིགས་ཚུ་ དུས་ཚོད་ཁར་ འཐོབ་མ་ཚུགས་པའི་ དཀའ་ངལ་ཡོདཔ་ལས་ བྱ་དེ་ཚུ་ག་ར་ ཤི་རྐྱེན་བྱུངམ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དུས་ཚོད་ཁར་ སྨན་བཅོས་འབད་མ་ཚུགས་མི་དང་ འཛིན་སྐྱོང་ལེགས་ཤོམ་ མེད་མི་ལུ་བརྟེན་ ཤི་རྐྱེན་གྱི་གྱངས་ཁ་ ཡར་འཕར་འགྱོཝ་མས་ཟེར་ཨིནམ་ད་ རྒེད་འོག་ནང་ ལོ་བསྟར་བཞིན་དུ་ ཇར་སི་བ་༡༠ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་དོ་ཡོདཔ་ལས་ ག་ར་སེམས་ཕམ་བྱུང་སྟེ་ ཡོད་ཟེར་ཨིན་པས།
སྐྱེས་ལོ་༣༥ ལང་མི་ ཊེག་བིར་ ལིམ་བུ་གིས་ སླབ་མིའི་ནང་ ཁོ་གིས་ ཨམ་ཅུ་ཀུ་ལི་འཛུགས་སྐྱོང་འབད་དེ་ ལོ་ལེ་ཤ་སོང་ཡོདཔ་བཞིན་དུ་ མ་དངུལ་ཡང་ ལེགས་ཤོམ་སྦེ་ བཟོ་ཚུགས་ཡོད་རུང་ འདས་པའི་ལོ་དག་པ་ཅིག་ལས་ ཤིང་ཚུ་ག་ར་ སྐམ་ཡར་སོཔ་ལས་ ད་རེས་ ཨམ་ཅུ་ཀུ་ལི་ཤིང་ དག་པ་ཅིག་ལས་བརྒལ་ མེད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་ཚུ་གིས་ སྤྲོ་བ་བསྐྱེད་ཐོག་ལས་ སྒོ་ནོར་དང་ སོ་ནམ་གྱི་ལཱ་ཚུ་ འབད་དོ་ཡོད་རུང་ ཤིང་ག་ར་ ཤི་དོ་ཡོད་པའི་ དཀའ་ངལ་ཡོད་ཟེར་ཨིནམ་ད་ རྒེད་འོག་གཞན་ཚུ་ནང་ སྒོ་ནོར་དང་ སོ་ནམ་ལ་སོགས་པའི་ འགོ་དཔོན་ཚུ་ཡོདཔ་ལས་ བསམ་རང་རྒེད་འོག་ནང་ཡང་ འགོ་དཔོན་དེ་ཚུ་ གནང་པ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
ཊེག་བིར་ ལིམ་བུ་གིས་ སླབ་མིའི་ནང་ གནད་དོན་དེ་ རྒེད་འོག་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ འགོ་དཔོན་ཚུ་གིས་ རྒེད་འོག་ཚོགས་སྡེ་ནང་ གསུང་གྲོས་གནང་སྟེ་ རྫོང་ཁག་ཚོགས་འདུ་ནང་ གྲོས་འདེབས་བཙུགས་ཞིནམ་ལས་ ཞབས་ཏོག་དེ་ཚུ་ འཐོབ་ཚུགསཔ་སྦེ་བཟོ་ནིའི་ རེ་བ་ཡོད་ཟེར་ཨིན་པས།
བསམ་རང་རྒཔོ་ ཏ་ར་བིར་ བིསི་ཏ་གིས་ སླབ་མིའི་ནང་ མི་ཚུ་གིས་ སླབ་དོ་བཟུམ་སྦེ་ རྒེད་འོག་ནང་ སྒོ་ནོར་འགོ་དཔོན་མེདཔ་ལས་ པདྨ་ཐང་རྒེད་འོག་གི་ སྒོ་ནོར་འགོ་དཔོན་གྱིས་ བལྟ་དོ་ཡོདཔ་ད་ ཨིན་རུང་ ད་རེས་ནངས་པར་ སྒོ་ནོར་ལས་ཁུངས་ཀྱི་ ལས་འགུལ་ནང་ཡོད་མི་ འགོ་དཔོན་ཚུ་གིས་ མི་ཚུ་ལུ་ རྒྱབ་སྐྱོར་འབད་དོ་ཡོདཔ་ལས་ དཀའ་ངལ་དེ་ སེལ་ཐབས་འབད་དོ་ཟེར་ཨིན་པས།
རྒཔོ་གིས་ སླབ་མིའི་ནང་ འདས་པའི་ལོ་བཅུ་ཕྲག་ལས་བཅད་དེ་ བཟའ་སྤྱོད་མ་འབད་བར་ལུས་མི་ ཆུ་ཞིང་ཚུ་ དུས་ཅི་ལས་ བཟའ་སྤྱོད་འབད་ནི་ འགོ་བཙུགས་ནི་ཨིནམ་བཞིན་དུ་ གློག་ཐག་ར་བའི་དོན་ལུ་ གློག་ཤུགས་ཚུ་ཡང་ ཡར་སེང་འབད་དེ་ཡོདཔ་ལས་ སོ་ནམ་འགོ་དཔོན་ཡང་ ངེས་པར་དུ་དགོཔ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བསམ་རང་རྒེད་འོག་དེ་ རྒྱ་གར་ཨ་སམ་གྱི་ ས་མཚམས་ཁར་འབད་ནི་དེ་གིས་ ད་རེས་ནངས་པ་ ཕྱི་མི་ནང་སྐྱོད་དང་ ཁྲིམས་སྲུང་འགག་པའི་ ཡིག་ཚང་ཅིག་ཡང་མེདཔ་ལས་ རྒྱ་གར་གྱི་མི་ཚུ་གིས་ རྒྱལ་ཁབ་ནང་ ག་ཐོབ་སྦེ་ འཛུལ་འོང་དོ་ཡོད་པའི་ དཀའ་ངལ་ཡོད་ཟེར་ཨིན་པས།
གནད་དོན་དེ་གི་དོན་ལུ་ ཧེ་མར་ རྫོང་ཁག་ཚོགས་འདུ་ནང་ གསུང་གྲོས་གནང་སྟེ་ ཕྱི་མི་ནང་སྐྱོད་དང་ ཁྲིམས་སྲུང་འགག་པའི་ཡིག་ཚང་ གཞི་བཙུགས་འབད་ཐབས་ལུ་ བསམ་གྲུབ་ལྗོངས་མཁར་གྱི་ ལུང་ཕྱོགས་འཛིན་སྐྱོང་པ་དང་ ཁྲིམས་སྲུང་འགག་པའི་ འགོ་བདག་ དེ་ལས་ རྫོང་ཁག་གི་ འགོ་དཔོན་ལ་སོགས་པ་ཚུ་ འོང་ཞིནམ་ལས་ ཞིབ་དཔྱད་འབད་ཡི་ཟེར་ཨིན་པས།
རྒཔོ་གིས་ སླབ་མིའི་ནང་ ཞིབ་དཔྱད་ཀྱི་ སྙན་ཞུ་ཚུ་ གཞུང་ལུ་ ཕུལ་ཡོདཔ་ལས་ ད་ལྟོ་ ལན་གསལ་ལུ་ སྒུག་དོ་ཟེར་ཨིནམ་ད་ འབྲེལ་ཡོད་ཡིག་ཚང་ཚུ་གིས་ འཕྲལ་མགྱོགས་ར་ རྒེད་འོག་དེ་ནང་ ཞབས་ཏོག་དེ་ཚུ་ གཞི་བཙུགས་འབད་ཚུགས་པའི་ རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།

བསམ་རང་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *