སོ་ནམ་པ་ འཇིགས་མེད་རྡོ་རྗེ་གིས་ ཁོ་རའི་ཞིང་ནང་ རི་ཕག་གིས་མེདཔ་བཏང་མི་ གེ་ཟ་ཤིང་ཚུ་ སེལ་བའི་བསྒང་།

བསམ་མཁར་རྒེད་འོག་ནང་ རི་དྭགས་སེམས་ཅན་ཚུ་གིས་ ཐོ་ལོག་ལུ་གནོད་བཀལ།

༉ བཀྲིས་སྒང་བསམ་མཁར་རྒེད་འོག་ སྦིས་མཁར་སྤྱི་འོག་ནང་ ཞིང་ལེ་ཤ་ཅིག་ར་སྟོང་དང་ ཚལ་མ་ལུ་གྱུར་ཏེ་ ཡོད་མི་དེ་ཡང་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་ལུ་ གནོདཔ་བཀལ་མི་ལུ་བརྟེན་ཨིན་པས།
སྐྱེས་ལོ་༧༠ ལང་མི་ སོ་ནམ་པ་ ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ ཁོང་གི་ལོ་ཐོག་ཚུ་ ཉི་མར་བྱ་དང་ ནུབ་མོར་ རི་ཕག་དང་ ཀ་ཤ་ དེ་ལས་ བྱི་ཐུར་ཚུ་ལས་ དུས་རྒྱུན་དུ་ མ་སྲུང་པ་ཅིན་ ལོ་ཐོག་ག་ཅི་ཡང་ བསྡུ་མི་ཚུགས་ཟེར་ཨིན་པས།
རི་དྭགས་སེམས་ཅན་ཚུ་གིས་ གེ་ཟ་རྡོག་མ་བཏགས་ཏེ་ ཟ་རནམ་ད་ གནོདཔ་བཀལ་དོ་ཡོདཔ་ལས་ མི་སེར་ཚུ་ ག་ཅི་འབད་ནི་ཨིན་ན་ མ་ཤེས་པར་ སྤྱགས་སྡུག་འཐབ་སྟེ་ཡོད་ཟེར་ ཚེ་རིང་རྡོ་རྗེ་གིས་ བཤདཔ་ཨིན་པས།
སོ་ནམ་པ་ ཚེ་གྲུབ་བཟང་མོ་གིས་ སླབ་མིའི་ནང་ མོའི་ཞིང་དེ་ གཡུས་ཚན་གྱི་ སྦུག་ལུ་ཡོད་རུང་ ལོ་ཐོག་སྲུང་དགོཔ་འཐོན་མས་ཟེར་ཨིནམ་ད་ ནུབ་མོར་ ལོ་ཐོག་མ་སྲུང་པ་ཅིན་ དྲོ་པར་བལྟ་བའི་བསྒང་ལས་ གེ་ཟ་ཤིང་ག་ར་ མེདཔ་བཏང་སྟེ་ཡོདཔ་ མཐོངམ་མས་ཟེར་ཨིན་པས།
ལོ་ཐོག་སྲུང་མི་ མི་༢ མེད་པ་ཅིན་ ལོ་ཐོག་སྲུང་མི་ཚུགས་པས་ཟེར་ མོ་གིས་ བཤད་པའི་ཁར་ རི་དྭགས་སེམས་ཅན་ཁྱུ་སྦེ་ འོང་དོ་ཡོདཔ་ལས་ གེ་ཟ་ཞིང་གླང་དོ་རེ་མེདཔ་བཏངམ་མས་ཟེར་ བཤདཔ་ཨིན་པས།
སོ་ནམ་པ་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དུས་ཅི་ལས་ གེ་ཟ་ཚུ་ བྱ་དང་བྱི་ཙི་ཚུ་གིས་ གནོདཔ་བཀལ་ནི་ འགོ་བཙུགས་ཅི་ཟེར་ཨིན་པས།
སོ་ནམ་པ་ འཇིག་མེད་རྡོ་རྗེ་གིས་ སྤྱི་འོག་གཞན་༢ དང་ མཐའ་ཟུར་གྱི་ ས་གནས་ཚུ་ནང་ གློག་ཐག་ར་བ་བསྒོར་ཡོདཔ་ལས་ རི་ཕག་ཚུ་གིས་ གློག་ཐག་ར་བ་མེད་སར་ གནོདཔ་བཀལཝ་མས་ཟེར་ཨིན་པས།
སྐྱེས་ལོ་༦༠ ལང་མི་ ངག་དབང་ལྷ་མོ་གིས་ སླབ་མའི་ནང་ རི་ཕག་༡༢ དང་༡༤ གི་བར་ན་འོང་སྟེ་ ལོ་ཐོག་ཚུ་ལུ་ གནོདཔ་བཀལཝ་མས་ཟེར་ཨིནམ་ད་ གཞུང་ལས་ གློག་ཐག་ར་བ་གནང་པ་ཅིན་ ལོ་ཐོག་ཚུ་ སྲུང་སྐྱོབ་འབད་ཚུགས་ནི་མས་ཟེར་ བཤད་པའི་ཁར་ ད་རེས་ནངས་པར་ གནས་སྐབས་གཅིག་གི་དོན་ལུ་ ཁྱིམ་གུང་པ་ག་ར་གིས་ གློག་ཐག་བསྒོར་བཞག་སྟེ་ཡོད་ཟེར་ བཤདཔ་ཨིན་པས།
ཚོགས་པ་བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ མི་སེར་ཚུ་གིས་ ལཱ་རྩ་འགེངས་འབད་བའི་ གྲུབ་འབྲས་འཐོན་རནམ་ད་ རི་དྭགས་སེམས་ཅན་གྱིས་ ལོ་ཐོག་ཚུ་ལུ་ གནོདཔ་བཀལཝ་ད་ སེམས་ཕམ་བྱུངམ་མས་ཟེར་ཨིན་པས།
སོ་ནམ་པ་གཞན་ཅིག་གིས་ སླབ་མིའི་ནང་ ཆརཔ་ཤུགས་སྦེ་རྐྱབ་ད་ ཞིང་ནང་ རི་ཕག་དང་ རི་དྭགས་སེམས་ཅན་མངམ་འཐོན་མས་ཟེར་ཨིནམ་ད་ རི་དྭགས་སེམས་ཅན་ཚུ་ བསད་པ་ཅིན་ ཉེས་ཆད་ཕོག་ནི་ཨིནམ་ལས་ འབད་ཐབས་ག་ནི་ཡང་ མིན་འདུག་ཟེར་ཨིན་པས།
སྤྱི་འོག་དེ་ནང་ ཁྱིམ་གུང་༢༠༠ ལྷགཔ་ཅིག་ཡོདཔ་ད་ རི་དྭགས་སེམས་ཅན་གྱི་དཀའ་ངལ་ལུ་བརྟེན་ ཞིང་སྟོང་བཞག་མི་མང་སུ་ཐོནམ་མས་ཟེར་ སོ་ནམ་པ་ཚུ་གིས་ བཤདཔ་ཨིན་པས།
རྒེད་འོག་བདག་སྐྱོང་གི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ སྤྱི་འོག་༢ ནང་ ལག་ལེན་འཐབ་བཏུབ་པའི་ གློག་ཐག་ར་བ་བསྒོར་ཏེ་ཡོདཔ་ལས་ མི་སེར་ཚུ་ལུ་ ཕན་ཐོགས་ཏེ་ཡོད་ཟེར་ཨིན་པས།
བསམ་མཁར་རྒེད་འོག་གིས་ སྦིས་མཁར་སྤྱི་འོག་ནང་ གློག་ཐག་ར་བ་དགོ་པའི་སྐོར་ལས་ འཆར་གཞི་ནང་ བཙུགས་ཏེ་ཡོད་ཟེར་ དམངས་མི་ཚེ་རིང་བསམ་གྲུབ་ཀྱིས་ བཤད་ཡོད་པའི་གནས་ཚུལ།
གནས་བརྟན་རྡོ་རྗེ། བསམ་མཁར།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *