སློབ་དཔོན་ཅིག་གིས་ སློབ་ཕྲུག་ཚུ་ལུ་ སློབ་སྟོན་འབད་བའི་བསྒང་།

བསམ་མཁར་མི་སྡེའི་ འཐུས་མི་ཚུ་གིས་ སློབ་གྲྭ་དབང་འཛིན་ལུ་རྒྱབ་སྐྱོར།

༉ གསར་སྤང་ འཇིགས་མེད་ཆོས་གླིང་རྒེད་འོག་ བསམ་མཁར་མི་སྡེ་གིས་ ཕན་ཚུན་མཉམ་བསྡོམས་ཐོག་ལས་ ཁས་བླངས་འབད་དེ་ བསམ་མཁར་རྒྱ་སྐྱེད་སློབ་གྲྭའི་ ཐབ་ཚངཔ་༢ ལུ་ ཟླཝ་༢ ཀྱི་ དངུལ་ཕོགས་བྱིན་ཡོདཔ་ཨིན་པས།

སྤྱི་ཟླ་༣ པ་དང་༤ པའི་དོན་ལུ་ གནས་སྐབས་ཀྱི་ ལཱ་འབད་བཅུག་མི་ ཐབ་ཚངཔ་ལུ་ ཨ་ལོ་རེ་ལས་ དངུལ་ཀྲམ་༢༥༠ རེ་བརྩིས་རྐྱབ་སྟེ་ བྱིན་ཡོདཔ་ད་ རྒྱ་སྐྱེད་སློབ་གྲྭ་དེ་ ཉིན་མའི་ལྟོ་ཐོབ་ཀྱི་ སློབ་གྲྭ་སྦེ་ ངོས་འཛིན་འབད་ཡོད་རུང་ ཟླཝ་༢ ཀྱི་རིང་ལུ་ ཐབ་ཚངཔ་ཐོབ་མ་ཚུགསཔ་ཨིན་པས།

སློབ་དཔོན་ཚུ་དང་འཁྲིལཝ་ད་ ཉིན་མའི་ལྟོ་ཐོབ་ཀྱི་ ལས་རིམ་ལུ་བརྟེན་ སློབ་གྲྭ་ནང་ སློབ་ཕྲུག་གི་ཐོ་ཡང་ ཡར་དྲག་སོང་ཡི་ཟེར་ཨིནམ་ད་ བསམ་མཁར་ཚོགས་པ་ གནས་བརྟན་གྱིས་ སླབ་མིའི་ནང་ ཕམ་ཚུ་གིས་ ཐབ་ཚངཔ་གི་ དངུལ་ཕོགས་བྱིན་ནི་ལུ་ ངོས་ལེན་འབད་ཡི་ཟེར་ཨིན་པས།

ཉིན་མའི་ལྟོ་ཐོབ་ ལས་རིམ་དེ་ གཞུང་གིས་ རྒྱབ་སྐྱོར་འབད་ཡོདཔ་ད་ སློབ་གྲྭ་གིས་ དགོས་མཁོ་ཅན་གྱི་ མཐུན་རྐྱེན་ཚུ་ དུས་ཚོད་ཁར་ ཐོབ་མི་ཚུགས་དོ་ཡོདཔ་ལས་ ང་བཅས་མཉམ་བསྡོམས་ཐོག་ སློབ་གྲྭ་ལུ་ རྒྱབ་སྐྱོར་འབད་བའི་ཁར་ ཕམ་ཚུ་དང་གྲོས་བསྟུན་འབད་དེ་ ཐབ་ཚངཔ་ཅིག་ འཚོལ་ནི་སྦེ་ ཐག་བཅད་ཅི་ཟེར་ ཚོགས་པ་གིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ ཁོང་རའི་ གཡུས་ཚན་ནང་ སློབ་གྲྭ་ཅིག་ དགོ་པའི་ཞུ་བ་འབད་ཡོདཔ་བཞིན་དུ་ གཞི་རྟེན་མཐུན་རྐྱེན་ བཟོ་སྐྲུན་འབད་ནིའི་ལཱ་ བྱིན་པའི་ཁར་ གཞུང་གིས་ ལྕགས་ཤོག་གི་ རྒྱབ་སྐྱོར་འབད་ཡི་ཟེར་ཨིན་པས།

བསམ་མཁར་གྱི་ མི་སེར་ཚུ་གིས་ དངུལ་ཀྲམ་༡,༠༠༠ འབད་མི་ ཚར་༣ བྱིན་ཡོདཔ་ད་ སྤྱི་ལོ་༢༠༡༠ ལུ་ རྒྱ་སྐྱེད་སློབ་གྲྭ་ འགོ་བཙུགས་པའི་སྐབས་ ལྟོ་ཟ་ས་ བཟོ་སྐྲུན་གྱི་དོན་ལུ་ དངུལ་ཀྲམ་༢,༥༠༠ རེ་ཡང་ སྤྲོད་ཅི་ཟེར་ གནས་བརྟན་གྱིས་ བཤདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ད་ལྟོ་ སློབ་གྲྭ་དེ་ གནས་སྟངས་ལེགས་ཤོམ་ཐོག་ལུ་ཡོད་ཟེར་ཨིནམ་ད་ ང་བཅས་རའི་ ཨ་ལོ་ཚུ་ལུ་ རྒྱབ་སྐྱོར་འབད་ནི་དེ་ གཙོ་རོམ་ཅན་ཅིག་ཨིན་ཟེར་ཨིན་པས།

རྒྱ་སྐྱེད་སློབ་གྲྭའི་སློབ་དཔོན་ ཤེས་རབ་མཚོ་མོ་གིས་ བཤད་མིའི་ནང་ བསམ་མཁར་ལུ་ སློབ་གྲྭ་ཅིག་དགོཔ་ ངེས་བདེན་ཨིན་མི་དེ་ཡང་ ཕམ་ཚུ་གིས་ རང་སོའི་ཨ་ལོ་ཚུ་ ཆུང་ཀུ་བསྒང་ལས་ སློབ་གྲྭ་ལྟེ་བའི་ནང་ བཏང་མི་ལུ་བརྟེན་ཨིན་པས།

མོ་གིས་འབད་བ་ཅིན་ ཨ་ལོ་ཚུ་ དེ་སྦེ་བཏངམ་ད་ དགོས་མཁོ་ཅན་གྱི་ གཅེས་སྐྱོང་ཐོབ་མ་ཚུགས་པའི་ཁར་ བདག་འཛིན་འབད་ནི་ལུ་ དཀའ་ངལ་ཡོདཔ་མ་ཚད་ སློབ་དཔོན་ཚུ་གིས་འབད་རུང་ ཨ་ལོ་ཆུང་ཀུ་ ལྟ་རྟོག་འབད་ནིའི་ དུས་ཚོད་མི་ཐོབ་པས་ཟེར་ཨིན་པས།

བསམ་མཁར་གྱི་ ཨ་ལོ་ཚུ་གི་དོན་ལུ་ སློབ་གྲྭ་ཐག་ཉེ་ཤོས་དེ་ འཇིགས་མེད་ཆོས་གླིང་འབྲིང་རིམ་སློབ་གྲྭ་བར་མ་ཨིནམ་ལས་ རྒྱ་སྐྱེད་སློབ་གྲྭ་ལས་ ཀི་ལོ་མི་ཊར་༡༠ གྱི་ ས་གནས་ཁར་ཡོདཔ་ཨིན་པས།

སློབ་དཔོན་ཨོ་རྒྱན་བློ་གྲོས་ཀྱིས་ འབད་བ་ཅིན་ སློབ་ཕྲུག་ཚུ་ འགྲུལ་སྐྱོད་འབད་ནི་ལུ་ མི་མང་སྐྱེལ་འདྲེན་ཞབས་ཏོག་མེད་ཟེར་ཨིནམ་ད་ གནམ་བྱཱར་ལམ་འགྱོ་ནི་ ཉེན་ཁ་ཅན་ཅིག་ཨིན་པའི་ཁར་ གླ་འཁོར་ནང་ འགྱོ་དགོཔ་ལས་ ཟད་འགྲོ་ཡང་ ལྕི་དྲག་འདུག་ཟེར་ཨིན་པས།

རྒེད་འོག་བདག་སྐྱོང་གིས་ སློབ་ཁང་གསརཔ་ཚུ་ མ་རྐྱབ་པའི་ཧེ་མར་ མི་སྡེ་ཚུ་གིས་ སློབ་ཁང་དང་ ལྟོ་ཟ་ཁང་གི་ གཞི་རྟེན་མཐུན་རྐྱེན་ རྐྱབ་པའི་ཁར་ རྐང་ཁྲི་དང་ འབྲི་ཁྲི་ཚུ་ཡང་ ཉམས་བཅོས་འབད་ཡོདཔ་ཨིན་པས།

སློབ་གྲྭ་ལེག་ཤོམ་སྦེ་ ལག་ལེན་འཐབ་ནི་ལུ་ ཁ་སྐོང་སློབ་དཔོན་དང་ ལས་བྱེདཔ་ སྲུང་རྒྱབ་ དེ་ལས་ ཐབ་ཚངཔ་ཚུ་ དགོཔ་འདུག་ཟེར་ སློབ་དཔོན་གོངམ་གིས་ བཤདཔ་ཨིན་པས།

སྲིད་བྱུས་དང་འཁྲིལཝ་ད་ རྒྱ་སྐྱེད་སློབ་གྲྭ་ལུ་ ཁ་སྐོང་སློབ་དཔོན་ མི་འཐོབ་ནི་ཨིན་རུང་ གལ་སྲིད་ ཤེས་རིག་གི་ སྤུས་ཚད་བྱིན་དགོ་པ་ཅིན་ ཆོས་ཚན་རེ་ལུ་ སློབ་དཔོན་རེ་ བགོ་བཀྲམ་འབད་དགོཔ་འདུག་ཟེར་ཨིན་པས།

ཨ་ལོ་ག་ར་གཅིག་ཁར་ སློབ་སྟོན་འབད་ནི་བ་ སློབ་ཁང་སོ་སོ་ནང་ སློབ་སྟོན་འབད་བ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ མོ་གིས་ བཤདཔ་ཨིན་པས།

སློབ་གྲྭ་ནང་ སློབ་གྲྭ་འཛིན་སྐྱོང་དང་ ལས་བྱེདཔ་ཚད་གཅིག་ལས་བརྒལ་མེད་མི་གིས་ ཨ་ལོ་ཚུ་ སློབ་སྟོན་འབད་ནི་དེ་ གདོང་ལེན་སྦོམ་སྦེ་ར་ བྱུངམ་མས་ཟེར་ཨིན་པས།

སློབ་གྲྭ་གིས་ དུས་རབས་༢༡ པའི་ སློབ་སྟོན་ལག་ལེན་བཟོ་དགོཔ་ལས་ བསམ་མཁར་རྒྱ་སྐྱེད་སློབ་གྲྭའི་ སློབ་དཔོན་ཚུ་ རེ་བ་དང་བསྟུན་ ལག་ལེན་འཐབ་ཚུགས་ག་ཟེར་བའི་ ཚ་གྱང་ལང་སྟེ་ ཡོདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *