ཏམ་ཁུའི་ཐོན་སྐྱེད་ མེདཔ་ཐལ་མི་ཚུ་ མེ་གཏང་པའི་བསྒང་།

བསམ་གྲུབ་ལྗོངས་མཁར་ལུ་ ཏམ་ཁུའི་ཐོན་སྐྱེད་མེདཔ་ཐལ་མི་ཚུ་ མེ་གཏང་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་གྱི་ འབྲུག་ཁྲལ་ཡངས་ཚོང་ཁང་གིས་ འདས་པའི་བདུན་ཕྲག་ནང་ དངུལ་ཀྲམ་༨༦༠,༤༠༠ དེ་ཅིག་གནས་པའི་ ཏམ་ཁུའི་ཐོན་སྐྱེད་ མེདཔ་ཐལ་མི་ཚུ་ མེ་གཏང་དགོཔ་ཐོན་ནུག།

ཚོང་ཁང་གི་འགོ་འཛིན་པ་ ནར་མ་ཡ་དཱ་ཧཱལ་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱི་ཟླ་༧ པའི་ཚེས་༣༠ ལུ་ དངུལ་ཀྲམ་༨༦༠,༤༠༠ དེ་ཅིག་གནས་པའི་ ཏམ་ཁུ་བཱ་བ་ཤོག་སྒམ་༡༧,༩༢༥ དང་ སི་ག་རེཊ་ཤོག་སྒམ་༣ དེ་ཅིག་ བཀོག་ཡི་ཟེར་ཨིན་པས།

ཨིན་རུང་ ཐོན་སྐྱེད་དེ་ཚུ་ མེདཔ་ཐལ་ནི་དེ་གིས་ ཚོང་འབྲེལ་འཐབ་མ་ཚུགསཔ་ལས་ འོང་འབབ་དང་ཅ་དམ་ཡིག་ཚང་གིས་ ཁྲལ་མི་ཕོག་ནི་སྦེ་ སླབ་དེས་ཟེར་ ཁྲལ་ཡངས་ཚོང་ཁང་གི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

མོ་གིས་ སླབ་མིའི་ནང་ ཐོན་སྐྱེད་ཚུ་ མེདཔ་ཐལ་མི་ལུ་བརྟེན་ བཙོང་མ་ཚུགས་པའི་ གདོང་ལེན་བྱུང་ཡོདཔ་མ་ཚད་ མི་ཚུ་གིས་ཡང་ ཁྲལ་ཡངས་ཚོང་ཁང་ནང་ལས་ ཉོ་འབག་མི་ ཏམ་ཁུའི་ཐོན་སྐྱེད་ཚུ་གི་ ཉོགས་བཤད་ལྷོད་མི་ལུ་བརྟེན་ བཀོག་དགོཔ་ཐོན་ཡི་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ ད་རེས་ བསམ་གྲུབ་ལྗོངས་མཁར་ལུ་ ཚ་དྲོད་ཌི་གི་རི་ སེན་ཊི་གེ་རེཌ་༣༥ ལྷགཔ་ཅིག་ཡོད་པའི་ཁར་ ཅ་ཆས་ཟུར་བཞག་འབད་ས་ལུ་་ རླུང་འཛུལ་ས་ཁོངས་ལེགས་ཤོམ་མེད་ནི་དེ་གིས་ ཚ་དྲོད་ལུ་བརྟེན་ མེདཔ་ཐལ་སོཔ་འོང་ནི་མས་ཟེར་ཨིན་པས།

ནར་མ་ཡ་དཱ་ཧཱལ་གྱིས་ སླབ་མིའི་ནང་ ཐོན་སྐྱེད་དེ་ཚུ་ ཟུར་བཞག་ནང་ལས་ བཏོན་པའི་སྐབས་ལས་ར་ མེདཔ་ཐལ་ཡོདཔ་མ་ཚད་ རྒྱ་གར་ལས་ བཀྲམ་སྤེལ་བ་ཚུ་གིས་ བསྐྱལ་བའི་སྐབས་ལས་ མེདཔ་ཐལ་ཡོད་པའི་ དོགས་པ་ཡོད་ཟེར་ཨིན་པས།

དེ་བཟུམ་སྦེ་ པདྨ་ཆོས་སྐྱིད་ཀྱིས་ སླབ་མིའི་ནང་ དེ་གིས་ ཚོང་མགྲོན་པ་ཚུ་ལུ་ གནོད་ཡོདཔ་ལས་ གནད་དོན་དེ་ ཐིམ་ཕུག་གི་ ཡིག་ཚང་ལྟེ་བ་ལུ་ སྙན་ཞུ་འབད་ཡི་ཟེར་ཨིནམ་ད་ ཐབས་ལམ་གཞན་མེདཔ་ལས་ ད་ལས་ཕར་ ཐོན་སྐྱེད་ཚུ་ མེདཔ་མི་ཐལ་ནིའི་དོན་ལུ་ ནང་འདྲེན་ཉུང་སུ་ཅིག་ལས་ འབད་ནི་མེད་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ ཧེ་མ་ཟླཝ་༡ ནང་ ཏམ་ཁུ་བཱ་བ་ཕད་ཙི་༡༠༠ ལྷགཔ་རེ་ ནང་འདྲེན་འབད་དོ་ཡོདཔ་བཞིན་དུ་ ཕད་ཙི་༡ ནང་ བཱ་བ་ཤོག་སྒམ་༡༠༠ ལྷགཔ་ཅིག་ ཡོད་ཟེར་ཨིནམ་ད་ མེདཔ་ཐལ་མི་ ཐོན་སྐྱེད་ཚུ་ ཁྲིམས་སྲུང་འགག་པ་དང་ ལུང་ཕྱོགས་འོང་འབབ་དང་ཅ་དམ་ དེ་ལས་ ཁྲོམ་སྡེའི་འགོ་དཔོན་ཚུ་ འཛོམས་ཐོག་ལས་ མེདཔ་བཏང་ཡི་ཟེར་ཨིན་པས།

མོ་གིས་འབད་བ་ཅིན་ ཐོན་སྐྱེད་དེ་ཚུ་ བདུན་ཕྲག་༣ དེ་ཅིག་གི་རིང་ ཕྱི་སེལ་རྐྱབ་ཡོདཔ་བཞིན་དུ་ ཡིག་ཚང་ནང་ ལས་བྱེདཔ་༢ ལས་བརྒལ་མེདཔ་ལས་ གདོང་ལེན་འདུག་ཟེར་ཨིནམ་ད་ ཁོང་གིས་ ཨ་རྟག་ར་ ཚོང་མགྲོན་པ་ཚུ་ལུ་ ཞབས་ཏོག་ལེགས་ཤོམ་བྱིན་ནི་ལུ་ གཙོ་བོར་བཏོན་དོ་ཟེར་ཨིན་པས།

པདྨ་ཆོས་སྐྱིད་ཀྱིས་ བསམ་གྲུབ་ལྗོངས་མཁར་གྱི་ ཁྲལ་ཡངས་ཚོང་ཁང་གིས་ ཧེ་མ་ ཉིནམ་༡ ནང་ དངུལ་ཀྲམ་༡༥༠,༠༠༠ དང་༢༠༠,༠༠༠ དེ་ལས་ ཟླཝ་༡ ནང་ དངུལ་ཀྲམ་ས་ཡ་༤ དེ་ཅིག་གནས་པའི་ ཏམ་ཁུའི་ཐོན་སྐྱེད་ཚུ་ བཙོང་དོ་ཡོད་རུང་ ད་རེས་ ཏམ་ཁུའི་ཐོན་སྐྱེད་ཚུ་ལུ་ ཁྲལ་ཡངས་ཀྱི་བཅའ་ཁྲིམས་དེ་ ལག་ལེན་འཐབ་ཡོདཔ་ལས་ དེ་ཅིག་ར་ བཙོང་མི་ཚུགསཔ་འོང་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *