བསམ་གྲུབ་ལྗོངས་མཁར་ལུ་ ནད་ཡམས་ཀོ་བིཌ་-༡༩ འི་ སྨན་ཁབ་ལྷོད་པའི་བསྒང་།

བསམ་གྲུབ་ལྗོངས་མཁར་ལུ་ ནད་ཡམས་ཀོ་བིཌ་-༡༩ འི་ སྨན་ཁབ་༢༤,༠༠༠ དེ་ཅིག་ གནམ་གྲུ་ཧེ་ལི་ཀོབ་ཊར་ཐོག་ལས་ ལྷོད་ཡོདཔ།

༉ ནད་ཡམས་ཀོ་བིཌ་-༡༩ འི་ རྒྱལ་ཡོངས་སྨན་བཙུགས་ལས་རིམ་ སྤྱི་ཟླ་༣ པའི་ཚེས་༢༧ ལུ་ འགོ་བཙུགས་ནི་ཨིནམ་ལས་ ཁ་ཙ་ བསམ་གྲུབ་ལྗོངས་མཁར་ལུ་ ཀོ་བི་ཤིལཌ་ ཨེས་ཊ་ཟེ་ནེ་ཀ་སྨན་ཁབ་༢༤,༠༠༠ དེ་ཅིག་ གནམ་གྲུ་ཧེ་ལི་ཀོབ་ཊར་ཐོག་ལས་ སྐྱེལ་འདྲེན་འབད་ཡི།

ད་རིས་ གསོ་བའི་འགོ་དཔོན་ཚུ་གིས་ སྨན་ཁབ་ཚུ་ རྒེད་འོག་དང་ དྲུང་ཁག་ཚུ་ནང་ བགོ་བཀྲམ་འབད་ནི་ཨིནམ་བཞིན་དུ་ རྫོང་ཁག་ནང་ སྨན་ཁབ་བཙུགས་སའི་ ས་ཁོངས་༧༡ དེ་ཅིག་ནང་ སྨན་ཁབ་བཙུགས་མི་༥༢ དང་ སྲུང་རྒྱབ་༦༥ བརྩིས་ཏེ་ འགོ་དཔོན་༡༩༩ དེ་ཅིག་ ཡོདཔ་ཨིན་པས།

ཁ་ཙ་ ཉིན་མའི་ཆུ་ཚོད་༡༢ དང་སྐར་མ་༢༠ ཚུན་ རྫོང་ཁག་ནང་ མི་༢༣,༢༤༡ དེ་ཅིག་གིས་ སྨན་ཁབ་ཀྱི་དོན་ལུ་ ཐོ་བཀོད་འབད་ཡོདཔ་ཨིན་པས།

རྫོང་ཁག་གསོ་བའི་ གཙོ་འཛིན་འགོ་དཔོན་འོགམ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྫོང་ཁག་ནང་ ངོས་འཛིན་ཅན་གྱི་ ས་ཁོངས་༥ ནང་ སྨན་ཁབ་ལུ་བརྟེན་ སྟབས་བདེཝ་དང་ མ་བདེཝ་གི་གནད་དོན་ཚུ་ ལྟ་རྟོག་དང་ འཛིན་སྐྱོང་འཐབ་ནིའི་དོན་ལུ་ ཌོག་ཊར་དང་ དེད་གཡོག་གཅིག་ཁར་ སྣུམ་འཁོར་རེ་ ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ག་དེམ་ཅིག་སྦེ་ སྨན་ཁབ་ཁ་སྐོང་རེ་ སྐྱེལ་འདྲེན་འབད་དགོ་པ་ཅིན་ ལག་ལེན་འཐབ་ནིའི་དོན་ལུ་ རྒེད་འོག་གིས་ སྣུམ་འཁོར་གྲ་སྒྲིག་བཞག་དགོཔ་སྦེ་ སླབ་སྟེ་ཡོདཔ་མ་ཚད་ མི་སེར་ཚུ་ལས་ རྒྱབ་སྐྱོར་གྱི་དོན་ལས་ སྨན་ཁབ་ཀྱི་ གོ་བརྡའི་ལས་རིམ་ཚུ་ཡང་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།

དེ་བཟུམ་སྦེ་ ཁ་ཙ་ པདྨ་དགའ་ཚལ་ལུ་ཡང་ ཀོ་བི་ཤིལཌ་སྨན་ཁབ་༡༦,༣༩༠ དེ་ཅིག་ ལྷོད་ཡོདཔ་བཞིན་དུ་ སྨན་ཁབ་ཚུ་ གནམ་གྲུ་གིས་ བསྐྱལ་ཡོདཔ་ད་ ཉིན་མའི་ཆུ་ཚོད་ཕྱེད་དང་༢ ཚུན་ རྫོང་ཁག་ནང་ མི་༡༦,༦༨༦ དེ་ཅིག་གིས་ སྨན་ཁབ་ཀྱི་དོན་ལུ་ ཐོ་བཀོད་འབད་ཡོདཔ་ཨིན་པས།

རྫོང་ཁག་ནང་ སྨན་ཁབ་བཙུགས་སའི་ ས་ཁོངས་༨༠ དེ་ཅིག་ ཡོད་མིའི་ནང་ སྨན་ཁབ་བཙུགས་མི་༥༥ དང་ སྲུང་རྒྱབ་༥༦ བརྩིས་ཏེ་ འགོ་དཔོན་༡༦༧ དེ་ཅིག་ཡོདཔ་ད་ སྨན་ཁབ་བཙུགས་སའི་ ས་ཁོངས་ནང་ ལམ་འགྱོ་མ་ཚུགས་པར་ ཁྱིམ་ནང་སྨན་ཁབ་བཙུགས་དགོ་མི་༨ དེ་ཅིག་ ཡོདཔ་ཨིན་པས།

གསོ་བའི་གཙོ་འཛིན་འགོ་དཔོན་ ཌོག་ཊར་བིམ་གྱིས་ སླབ་མིའི་ནང་ པདྨ་དགའ་ཚལ་སྟོད་ཀྱི་ རྒེད་འོག་༨ ནང་ ཁ་ཙ་ལས་ སྨན་ཁབ་ཚུ་ བཀྲམ་སྤེལ་འབད་ཡོདཔ་བཞིན་དུ་ ད་རིས་ ངང་ལམ་དྲུང་ཁག་གི་ རྒེད་འོག་༣ གྱི་དོན་ལུ་ བཀྲམ་སྤེལ་འབད་ནི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ རྫོང་ཁག་ནང་ ངོས་འཛིན་ཅན་གྱི་ ས་ཁོངས་༨ དེ་ཅིག་ ཡོད་མིའི་ནང་ སྨན་ཁབ་ལུ་བརྟེན་ བྱ་སྟབས་བདེཝ་དང་ མ་བདེཝ་གི་ གནད་དོན་ལྟ་རྟོག་དང་ འཛིན་སྐྱོང་འཐབ་མི་ ཌོག་ཊར་༤ ལས་མེདཔ་ལས་ ཌོག་ཊར་གཞན་མི་༤ དེ་ སྤྱི་ཚེས་༢༥ དང་ ཡང་ཅིན་ སྤྱི་ཚེས་༢༦ ལུ་ ལྷོད་འོང་ཟེར་ཨིན་པས།

རྫོང་ཁག་དེ་ནང་ སྨན་ཁབ་ཀྱི་དོན་ལུ་ མི་༡༦,༦༨༦ དེ་ཅིག་ ཐོ་བཀོད་འབད་མིའི་གྲས་ལས་ སྨན་ཁབ་ཀྱི་ གནོད་པ་ལུ་འདྲོག་མི་དང་ གཟུགས་ཁམས་འཕྲོད་བསྟེན་གྱི་ གནད་དོན་ཚུ་ལུ་བརྟེན་ སྨན་ཁབ་མི་བཙུགས་ཟེར་ སླབ་མི་༡༨ དེ་ཅིག་ཡོད་ཟེར་ ཌོག་ཊར་བིམ་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *