བསམ་གྲུབ་ལྗོངས་མཁར་ སྣུམ་འཁོར་ཊཱག་བཞག་སའི་ས་ཁོངས།

བསམ་གྲུབ་ལྗོངས་མཁར་ལུ་ སྣུམ་འཁོར་ཊཱག་བཞག་སའི་ས་ཁོངས་ནང་མཐུན་རྐྱེན་ཚུ་ མེད་པའི་གདོང་ལེན།

༉ བསམ་གྲུབ་ལྗོངས་མཁར་ལུ་ སྣུམ་འཁོར་ཊཱག་བཞག་སའི་ ས་ཁོངས་ནང་ གསང་སྤྱོད་དང་ འཐུང་ཆུ་ བཞེས་སྒོ་འབད་སའི་ མཐུན་རྐྱེན་ཚུ་མེད་པའི་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས།

ཁྲོམ་སྡེ་བདག་སྐྱོང་གིས་ སྣུམ་འཁོར་བཅོ་ཁང་ཚུ་གི་ ས་ཁོངས་ཉེ་འདབས་ལུ་ སྣུམ་འཁོར་ཊཱག་ཚུ་བཞག་ས་ བཟོ་མི་དེ་གིས་ ཊཱག་བཞག་སའི་ས་ཁོངས་མེད་པའི་ དཀའ་ངལ་བསལ་ཚུགས་ཡོད་རུང་ ད་རེས་ ས་ཁོངས་དེ་ནང་ མཐུན་རྐྱེན་དེ་ཚུ་ མེདཔ་ཨིན་པས།

ཊཱག་གི་དེད་གཡོགཔ་ འཇིགས་མེད་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཧེ་མ་ བསམ་གྲུབ་ལྗོངས་མཁར་ལུ་ ཊཱག་བཞག་སའི་ ས་ཁོངས་ཏན་ཏན་ཅིག་མེདཔ་ལས་ ས་ཁོངས་གཞན་ཚུ་ནང་ བཞག་པའི་སྐབས་ ཁྲིམས་སྲུང་འགག་སྡེའི་ སྣུམ་འཁོར་བརྡ་སྟོན་སྡེ་ཚན་གྱི་ འགག་པ་ཚུ་གིས་ ཉེས་བྱ་ཚུ་ བཀལ་བའི་ དཀའ་ངལ་བྱུང་ཡི་ཟེར་ཨིན་པས།

ཨིན་རུང་ ཤུལ་ལས་ཁྲོམ་སྡེ་བདག་སྐྱོང་གིས་ ཊཱག་བཞག་སའི་ས་ཁོངས་གསརཔ་ བཟོ་མི་དེ་གིས་ དཀའ་ངལ་བསལ་ཚུགས་ཡོད་རུང་ ས་ཁོངས་དེ་ནང་ གསང་སྤྱོད་དང་ འཐུང་ཆུ་ལ་སོགས་པའི་ མཐུན་རྐྱེན་མེད་པའི་ གདོང་ལེན་ཚུ་བྱུངམ་མས་ཟེར་ ཁོ་གིས་ བཤདཔ་ཨིན་པས།

དེད་གཡོགཔ་གཞན་ཚུ་གིས་ སླབ་མིའི་ནང་ ད་རེས་ནངས་པར་ ཁྲོམ་ཁའི་ ཟ་ཁང་ག་ར་ ཟུར་བཞག་ལྟེ་བ་སྦེ་ ལག་ལེན་འཐབ་དོ་ཡོདཔ་ལས་ ཊཱག་བཞག་ས་ལུ་ར་ སྡོད་དགོ་མི་ལུ་བརྟེན་ གསང་སྤྱོད་དང་འཐུང་ཆུ་ དེ་ལས་ བཞེས་སྒོ་འབད་སའི་ མཐུན་རྐྱེན་ཚུ་ ངེས་པར་དུ་ དགོ་པས་ཟེར་ཨིན་པས།

ཁོང་གིས་འབད་བ་ཅིན་ ས་ཁོངས་ཀྱི་ ཁྲོམ་སྡེ་བདག་སྐྱོང་གིས་ ཉེ་འདབས་ལུ་ གསང་སྤྱོད་ཡོད་མི་དེ་ ལག་ལེན་འཐབ་བཅུག་རུང་ ཕན་ཐོགས་འབྱུང་ནི་ཨིནམ་བཞིན་དུ་ ད་རེས་ བཞེས་སྒོ་འབད་ས་དང་ འཐུང་ཆུ་མེདཔ་ལས་ བཞེས་སྒོ་འབད་བའི་སྐབས་ གཙང་སྦྲ་ཡང་ བཏོན་མི་ཚུགས་པས་ཟེར་ཨིན་པས།

ཊཱག་བཞག་སའི་ས་ཁོངས་ བཟོ་ཚར་ཏེ་ ད་རེས་ ལོ་༣ ལྷགཔ་ཅིག་སོང་རུང་ མཐུན་རྐྱེན་དེ་ཚུ་ གཞི་བཙུགས་འབད་ནི་མེདཔ་ལས་ འབྲེལ་ཡོད་དབང་འཛིན་ ཁྲོམ་སྡེ་བདག་སྐྱོང་ལ་སོགས་པ་ཚུ་གིས་ འཕྲལ་མགྱོགས་ར་ མཐུན་རྐྱེན་དེ་ཚུ་ གཞི་བཙུགས་འབད་བ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ དེད་གཡོགཔ་ཚུ་གིས་ བཤདཔ་ཨིན་པས།

བསམ་གྲུབ་ལྗོངས་མཁར་ཁྲོམ་དཔོན་ ཀརྨ་ཤེས་རབ་སྟོབས་རྒྱལ་གྱིས་ སླབ་མིའི་ནང་ ཧེ་མའི་ས་ཁོངས་རྙིངམ་ནང་ གསང་སྤྱོད་ལ་སོགས་པའི་ མཐུན་རྐྱེན་ཚུ་ཡོད་རུང་ ཤུལ་ལས་ ས་ཁོངས་རྒྱ་སྐྱེད་འབད་དེ་ གསརཔ་བཟོ་བའི་སྐབས་ བརྡལ་གཏང་དགོཔ་ཐོན་ཡི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཊཱག་བཞག་སའི ས་ཁོངས་དེ་ནང་ གསང་སྤྱོད་དང་འཐུང་ཆུ་ བཞེས་སྒོ་འབད་ས་ལ་སོགས་པའི་ མཐུན་རྐྱེན་ཚུ་ གཞི་བཙུགས་འབད་རུང་ བདག་འཛིན་འཐབ་མི་ མ་འཐོབ་པའི་གདོང་ལེན་འདུག་ཟེར་ཨིནམ་ད་ དེ་ཚུ་དགོ་པའི་ སྙན་ཞུ་ཡང་ མ་ལྷོད་ཟེར་ཨིན་པས།

ས་ཁོངས་དེ་ནང་ མཐུན་རྐྱེན་དེ་ཚུ་ དགོཔ་ཡོད་པ་ཅིན་ གནས་སྐབས་ཅིག་གི་ གསང་སྤྱོད་ལ་སོགས་པའི་ མཐུན་རྐྱེན་ཚུ་ གཞི་བཙུགས་འབད་བྱིན་ནི་ཨིནམ་བཞིན་དུ་ མོ་ཏང་ག་ལུ་ དོ་ཕབ་སྐྱེལ་ས་ཁོངས་ བཟོ་ཚར་བའི་ཤུལ་ལས་ དཀའ་ངལ་དེ་ སེལ་ཐབས་འབད་ཚུགས་ཟེར་ ཁྲོམ་དཔོན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *