འཇིགས་མེད་དཔལ་འབྱོར་གྱིས་ བསམ་གྲུབ་ལྗོངས་མཁར་ལུ་ ཚེམ་ལཱ་འབད་བའི་བསྒང་།

བསམ་གྲུབ་ལྗོངས་མཁར་ལུ་ ཚེམ་ཁང་ཚུ་གིས་ འོང་འབབ་ལེགས་ཤོམ་བཟོ་ཚུགས་དོ་ཡོདཔ།

༉ སྐྱེས་ལོ་༢༥ ལང་མི་ འཇིགས་མེད་དཔལ་འབྱོར་གྱིས་ ལོ་༤ ལྷགཔ་ཅིག་ བསྒུགས་སྡོད་པའི་ཤུལ་ལས་ བསམ་གྲུབ་ལྗོངས་མཁར་ཁྲོམ་ཁར་ ཚེམ་ཁང་ཅིག་ གཞི་བཙུགས་འབད་ཡོདཔ་ད་ ད་རེས་ ཚེམ་ཁང་དེ་ མཐར་འཁྱོལ་ཅན་སྦེ་ ཚོང་འབྲེལ་འཐབ་ཚུགས་དོ་ཡོདཔ་ཨིན་པས།

ཁོ་གིས་ ཚེམ་ཁང་དེ་ ཚོད་བསྲེ་ཁྲོམ་གྱི་ ཉེ་འདབས་ལུ་ སྒྲིང་ཁྱིམ་ཅིག་ནང་ བཙུགས་ཡོདཔ་བཞིན་དུ་ ཁོ་རང་དང་ ཁོ་རའི་གནས་ཚང་༢ ཀྱིས་ གོ་དང་དཀྱི་ར་ དེ་ལས་ སྟོད་གོ་ལ་སོགས་པ་ཚུ་ བཙེམ་དོ་ཡོདཔ་ཨིན་པས།

ཝང་ཕུག་རྒེད་འོག་ མ་ཎི་གདངས་རེ་ལས་ཨིན་མི་ འཇིགས་མེད་དཔལ་འབྱོར་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་༢༠༡༦ ལས་ར་ བསམ་གྲུབ་ལྗོངས་མཁར་ཁྲོམ་ཁར་ ཚེམ་ཁང་གཞི་བཙུགས་འབད་ནིའི་ འཆར་གཞི་བརྩམས་རུང་ འཆར་གཞི་དང་འཁྲིལ་ཏེ་ འགྱོ་མ་བཏུབ་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ བསམ་གྲུབ་ལྗོངས་མཁར་ཁྲོམ་ཁར་ ཚེམ་ཁང་གྱངས་ཁ་མ་ཆོདཔ་ཅིག་ ཡོད་མིའི་གྲས་ཁར་ རྒྱ་གར་གྱི་ མི་ཚུ་ཡང་ཡོདཔ་ད་ ཁོ་གིས་ ཁྲོམ་ཁར་ཁང་མིག་ཅིག་ འཐོབ་མ་ཚུགས་མི་ལུ་བརྟེན་ ཚེམ་ཁང་དེ་ གཞི་བཙུགས་འབད་མ་ཚུགས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཐབས་ལས་གཞན་མེད་ནི་དེ་གིས་ ལོག་གཡུས་ཁར་སོང་ཞིནམ་ལས་ ཚེམ་དང་འབྲེལ་བའི་ ལཱ་ཆུང་ཀུ་རེ་ འབད་སྡོད་ཡི་ཟེར་ཨིནམ་ད་ གཡུས་ཁ་འབད་བའི་བསྒང་ལས་ སོ་ནམ་གྱི་ལཱ་ཚུ་ཡང་ འབད་དགོཔ་ལས་ མནོ་བསམ་བཏང་དོ་བཟུམ་ཅིག་ ཚེམ་ལཱ་འབད་མ་ཚུགས་མི་ལུ་བརྟེན་ ཟླཝ་༡ ནང་ འོང་འབབ་དངུལ་ཀྲམ་༢,༠༠༠ དེ་ཅིག་ཡང་ བཟོ་མ་ཚུགས་པའི་ གདོང་ལེན་བྱུང་ཡི་ཟེར་ཨིན་པས།

བསམ་གྲུབ་ལྗོངས་མཁར་ཁྲོམ་ཁའི་ ཚེམ་ཁང་གི་ ཆོག་ཐམ་ཚུ་ འབྲུག་མི་ཚུ་གི་ མིང་ཐོ་གུ་ཡོདཔ་བཞིན་དུ་ འབྲུག་མི་ཚུ་གིས་ ཚེམ་ཁང་བཙུགས་ནིའི་ སྤྲོ་བ་ཡོད་རུང་ ཆོག་ཐམ་ཚུ་ རྒྱ་གར་གྱི་མི་ཚུ་ལུ་ གླ་ཁར་བྱིན་ཡོདཔ་ལས་ གོ་སྐབས་འཐོབ་ནི་ལུ་ དཀའ་ངལ་འདུག་ཟེར་ འཇིགས་མེད་དཔལ་འབྱོར་གྱིས་ བཤདཔ་ཨིན་པས།

འཇིགས་མེད་དཔལ་འབྱོར་གྱིས་ སླབ་མིའི་ནང་ འབྲུག་མི་ཚུ་གིས་ཡང་ སྤུས་ཚད་ལྡན་པའི་ ཚེམ་ཁང་གི་ཞབས་ཏོག་ཚུ་ སྤྲོད་ཚུགས་དོ་ཡོད་རུང་ གོ་སྐབས་བྱིན་མི་མེདཔ་ལས་ ཆོག་ཐམ་ཚུ་ ཕྱིའི་མི་ཚུ་ལུ་ གླ་ཁར་བྱིན་ཆོག་དང་ མ་ཆོག་གི་སྐོར་ལས་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ལྟ་ཞིབ་འབད་དགོཔ་ ཁག་ཆེ་བས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ད་རེས་ རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ ཁྲོམ་ཁར་ཚེམ་ཁང་བཙུགས་མི་ ཕྱིའི་མི་ཚུ་ ལོག་མ་ཚུགསཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཚེམ་ཁང་གི་ ཞབས་ཏོག་བྱིན་མི་མེདཔ་ལས་ དེ་ཁའི་མི་ཚུ་ དཀའ་ངལ་བྱུང་སྡོད་སར་ མཐོང་ཡི་ཟེར་ཨིན་པས།

དེ་བཟུམ་སྦེ་ ཁྲོམ་ཁར་ ཁང་མིག་ཆུང་ཀུ་ཅིག་ ཐོབ་ཚུགས་མི་དེ་ནང་ ཚེམ་ཁང་གཞི་བཙུགས་འབད་དེ་ ད་རེས་ ཟླཝ་༣ དེ་ཅིག་ ལང་ཡི་ཟེར་ཨིནམ་ད་ ཁྲོམ་ཁར་ཚེམ་ཁང་༣ དེ་ཅིག་ལས་ མེད་མི་ལུ་བརྟེན་ ཚོང་མགྲོན་པ་མ་འཐོབ་པའི་ དཀའ་ངལ་མེད་ཟེར་ཨིན་པས།

ཨིན་རུང་ ནད་ཡམས་ཀྱི་གནས་སྟངས་དེ་ ལེགས་ཤོམ་སོང་ཞིནམ་ལས་ ཚེམ་ཁང་བཙུགས་སྡོད་མི་ ཕྱིའི་མི་ཚུ་ རྒྱལ་ཁབ་ནང་ ལོག་ལྷོད་པའི་ཤུལ་ལུ་ འགྲན་བསྡུར་འོང་ནི་རུང་ གཙོ་བོ་ཞབས་ཏོག་དེ་ར་ སྤུས་ཚད་ཅན་དང་ ལེགས་ཤོམ་སྦེ་ སྤྲོད་ཚུགས་པ་ཅིན་ ཚོང་མགྲོན་པ་མ་འཐོབ་པའི་ དཔེ་མི་སྲིད་ཟེར་ འཇིགས་མེད་དཔལ་འབྱོར་གྱིས་ བཤདཔ་ཨིན་པས།

འཇིགས་མེད་དཔལ་འབྱོར་གྱིས་ སླབ་མིའི་ནང་ ཁོ་གིས་ གོ་དང་དཀྱི་ར་ སྟོད་གོ་དང་ སྐུ་ཐང་ལ་སོགས་པ་ཚུ་ བཙེམ་དོ་ཟེར་ཨིནམ་ད་ རྒྱ་དང་འཁྲིལ་ གོ་༡ ལུ་ བཙེམ་གླ་དངུལ་ཀྲམ་༩༠༠ དང་༡,༡༠༠ འི་བར་ན་དང་ སྟོད་གོ་༡ བཙེམ་ད་ གླ་ཆ་དངུལ་ཀྲམ་༡༥༠ རེ་ ལེན་དོ་ཡོདཔ་ལས་ ཟླཝ་༡ ནང་ འོང་འབབ་དངུལ་ཀྲམ་༢༠,༠༠༠ དང་༣༠,༠༠༠ དེ་ཅིག་ བཟོ་ཚུགས་པས་ཟེར་ཨིན་པས།

ཁོ་གིས་ ད་རེས་ནངས་པར་ མི་མང་ཤོས་ཅིག་གིས་ ཕྱིའི་མི་ཚུ་གིས་ ཚེམ་ཁང་གི་ཞབས་ཏོག་ ལེགས་ཤོམ་བྱིནམ་མས་ཟེར་ མནོ་བསམ་བཏང་སྟེ་ ཁོང་ལུ་ར་ གདམ་ཁ་རྐྱབ་དོ་ཡོད་རུང་ སྤུས་ཚད་ལྡན་པའི་ ཞབས་ཏོག་དེ་ར་ སྤྲོད་པ་ཅིན་ མི་ཚུ་གི་མནོ་ལུགས་དེ་ བསྒྱུར་མ་ཚུགས་པའི་ ཐེ་ཚོམ་མེད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *