བསམ་གྲུབ་ལྗོངས་མཁར་ འབྲུག་ཟ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་འབག་འོང་མི་ ཀེ་བའི་དོ་ཚུ།

བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བའི་གོང་ཚད་ ལེགས་ཤོམ་ཐོབ་དོ་ཡོདཔ།

༉ ད་རེས་ནངས་པར་ བསམ་གྲུབ་ལྗོངས་མཁར་ འབྲུག་ཟ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ ཀེ་བའི་གོང་ཚད་ཚུ་ ལེགས་ཤོམ་ཐོབ་ནི་དེ་གིས་ སོ་ནམ་པ་ཚུ་ སེམས་དགའ་སྟེ་འདུག།
ཁ་ཙ་ རིན་བསྡུར་ཁང་ནང་ ཀེ་བ་དམརཔོ་སྦོམ་ ཀེ་ཇི་རེ་ལུ་ མཐོ་ཤོས་དངུལ་ཀྲམ་༢༡.༥༠ དང་ དམའ་ཤོས་དངུལ་ཀྲམ་༢༠ བར་མ་ཀེ་ཇི་རེ་ལུ་ མཐོ་ཤོས་དངུལ་ཀྲམ་༡༧ དང་ དམའ་ཤོས་དངུལ་ཀྲམ་༡༥ དེ་ལས་ ཀེ་བ་ཆུང་ཀུ་ཀེ་ཇི་རེ་ལུ་ མཐོ་ཤོས་དངུལ་ཀྲམ་༡༠ དང་ དམའ་ཤོས་དངུལ་ཀྲམ་༧ དེ་ཅིག་ཐོབ་ནུག།
འདས་པའི་ལོ་ནང་འབད་བ་ཅིན་ དུས་ཚོད་འ་ནེམ་ཅིག་ཁར་ ཀེ་བ་སྦོམ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༥ དང་༡༧ བར་མ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༢ དང་༡༥ དེ་ལས་ ཆུང་ཀུ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༤ དང་༧ དེ་ཅིག་བར་ན་ སྡོད་ཡོདཔ་ཨིན་པས།
རིན་བསྡུར་ཁང་ནང་ རྒྱ་གར་ལས་ ཀེ་བ་ཉོ་བར་ འོང་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་རེས་ནངས་པར་ ཀེ་བའི་གོང་ཚད་ ལེགས་ཤོམ་བྱིན་དོ་ཡོདཔ་བཞིན་དུ་ འཕྲལ་ཁམས་ཅིག་ཁར་ ཀེ་བ་སྦོམ་ཀེ་ཇི་རེ་ལུ་ མཐོ་ཤོས་དངུལ་ཀྲམ་༢༣ ལྷགཔ་ཅིག་ཡང་ བྱིན་ཡི་ཟེར་ཨིན་པས།
ཁོང་གིས་ སླབ་མིའི་ནང་ གོང་ཚད་ལེགས་ཤོམ་བྱིན་དགོ་མི་དེ་ ད་རེས་ ཆརཔ་མ་ཆད་པར་རྐྱབ་མི་ལུ་བརྟེན་ འཁོར་ལམ་ཚུ་བསུབས་ཏེ་ ཀེ་བ་ཚུ་ སྐྱེལ་འདྲེན་འབད་ནི་ལུ་ དཀའ་ངལ་བྱུང་ནི་དེ་གིས་ཨིནམ་ད་ འཕྲལ་འཕྲལ་ཉིནམ་༡ ནང་ ཀེ་བ་འབག་འོང་མི་ ཊཱག་༡ དང་༢ དེ་རེ་ རིན་བསྡུར་ཁང་ནང་ ལྷོད་དོ་ཡོདཔ་ཨིན་པས།
ཁོང་གིས་འབད་བ་ཅིན་ གོང་ཚད་ཡར་འཕར་སོང་མིའི་ གནད་དོན་གཞན་མི་དེ་ རྒྱ་གར་ལུ་ ཆརཔ་མ་ཆད་པར་ རྐྱབ་ནི་དེ་གིས་ ཀེ་བ་འཛུགས་སྐྱོང་འབད་མ་ཚུགས་པའི་ཁར་ རྒྱ་གར་གྱི་ མི་ཚུ་གིས་ཡང་ འབྲུག་པའི་ཀེ་བ་དེ་ཡང་ གདམ་ཁ་རྐྱབ་དོ་ཡོད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
རིན་བསྡུར་ཁང་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གོང་ཚད་ལེགས་ཤོམ་ཐོབ་མི་དེ་ འཁོར་ལམ་བསུབས་མི་ལུ་བརྟེན་ རིན་བསྡུར་ཁང་ནང་ ཀེ་བ་ཊཱག་༡ དང་༢ དེ་ཅིག་ལས་ ལྷོད་མ་ཚུགས་པའི་ཁར་ རྒྱ་གར་ལས་ ཀེ་བ་མཁོ་འདོད་བསྐྱེད་མི་ ལེ་ཤ་ཐོན་དོ་ཡོད་ནི་དེ་གིས་ ཨིན་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གོང་ཚད་ལེགས་ཤོམ་འཐོབ་དོ་ཡོད་རུང་ ག་ར་གིས་ སྟབས་ཅིག་ཁར་ འབག་འོང་པའི་བསྒང་ལས་ གོང་ཚད་ལུ་ གནོད་ནི་ཨིནམ་ལས་ གོང་ཚོད་ལེགས་ཤོམ་འཐོབ་ནི་ལུ་དམིགས་ཏེ་ ཁྱིམ་ནང་ར་ གསོག་འཇོག་འབད་མ་བཞག་པར་ ཀེ་བ་ཚུ་ དུས་ཚོད་ཁར་ འབག་འོང་དགོ་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ འདས་པའི་ལོ་དང་ཕྱདཔ་ད་ དུས་ཅི་ ཀེ་བ་དེ་ཅིག་ འབག་འོང་མི་མིན་འདུག་ཟེར་ ཨིནམ་བཞིན་དུ་ འཁོར་ལམ་གྱི་ གནས་སྟངས་ལུ་བརྟེན་ འོང་སྲིད་ནི་ཨིན་རུང་ སོ་ནམ་པ་ཚུ་ལུ་ དྲི་དཔྱད་འབད་བའི་སྐབས་ ཀེ་བའི་ཐོན་སྐྱེད་ལོག་ལྟབ་ཀྱིས་ མར་བབས་སོང་ཡོདཔ་སྦེ་ སླབ་དེས་ཟེར་ཨིན་པས།
རིན་བསྡུར་ཁང་ནང་ ཀེ་བ་འབག་འོང་མི་ པདྨ་དང་ ཆ་རོགས་ཚུ་གིས་ སླབ་མིའི་ནང་ གོང་ཚད་ལེགས་ཤོམ་ཐོབ་ཡོད་པའི་ཁར་ འདས་པའི་ལོ་ཚུ་བཟུམ་སྦེ་ བདུན་ཕྲག་ལས་བཅད་དེ་ སྒུག་མ་དགོ་པར་ དེ་འཕྲོ་ལས་ རིན་བསྡུར་འབད་ཚུགས་ནི་དེ་གིས་ ཟད་འགྲོ་ལུ་ཡང་ ཕན་ཐོགས་ཡོདཔ་ལས་ སེམས་དགའ་ཡི་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ འདས་པའི་ལོ་དང་ཕྱདཔ་ད་ དུས་ཅི་ དུམ་གྲ་ཅིག་ གོང་ཚད་ལེགས་ཤོམ་ཐོབ་དོ་ཡོད་རུང་ ཟླཝ་དག་པ་ཅིག་གི་ཧེ་མར་ ཆརཔ་དང་ སེརཝ་རྐྱབ་མི་དེ་གིས་ ཀེ་བ་ག་ར་ གནོད་སྐྱོན་རྐྱབ་ཡོད་མི་ལུ་བརྟེན་ ན་ཧིང་དང་ཕྱདཔ་ད་ ལོག་ལྟབ་ཀྱིས་ ཉུངམ་མས་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *