ཆུ་ཤོག་ལག་ལེན་བཀག་འཛིན་ནང་ མཐར་འཁྱོལ་བྱུང་དོ་ཡོད་མི་ བསམ་གྲུབ་བསམ་ལྗོངས་མཁར་ཁྲོམ།

བསམ་གྲུབ་ལྗོངས་མཁར་ལུ་ ཆུ་ཤོག་བཀག་འཛིན་གྱི་ གྲུབ་འབྲས་ལེགས་ཐོན།

༉ དུས་ཅི་ སྤྱི་ཟླ་༤ པའི་ཚེས་༡ ལས་ རྒྱལ་ཁབ་ནང་ དོག་མ་སྤུར་མི་དང་ ཚོད་བསྲེ་ལ་སོགས་པ་ཚུ་བཙུགས་མི་ ཆུ་ཤོག་དང་ གྱིབ་ཤོག་གི་ ཕད་ཅུང་ཚུ་ ལག་ལེན་འཐབ་ནི་ བཀག་དམ་འབད་མི་དེ་ བསམ་གྲུབ་ལྗོངས་མཁར་ལུ་ མཐར་འཁྱོལ་བྱུང་དོ་ཡོད་པའི་ མངོན་གསལ་བྱུངམ་ཨིན་པས།
ཧེ་མ་འབད་བ་ཅིན་ ཆུ་ཤོག་གི་རིགས་ ལག་ལེན་འཐབ་མི་དེ་ ཚོད་བསྲེ་ཁྲོམ་ཁར་དང་ དོག་མ་ཚོང་འབྲེལ་འཐབ་མི་ཚུ་ཨིན་རུང་ ད་རེས་ནངས་པར་ ཁོང་གིས་ཡང་ ལག་ལེན་འཐབ་ནི་ བཤོལ་བཞག་ཡོདཔ་ལས་ ཆུ་ཤོག་བཀག་དམ་ལུ་ ལྷན་ཐབས་བྱུང་ནུག། 
བསམ་གྲུབ་ལྗོངས་མཁར་གྱི་ཁྲོམ་དཔོན་ ཀརྨ་ཤེས་རབ་སྟོབས་རྒྱལ་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྫོང་ཁག་དེ་ནང་ ཆུ་ཤོག་ལག་ལེན་དེ་ སྤྱི་ལོ་༢༠༡༦ ལས་ར་ བཀག་འཛིན་འབད་ཡོད་པའི་ཁར་ དུས་ཅི་ སྤྱི་ཟླ་༤ པའི་ནང་ལས་ རྒྱལ་ཁབ་ནང་ བཀག་འཛིན་འབད་ནི་དེ་གིས་ ཁྱད་པར་སྦོམ་བཟོ་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཚོང་འབྲེལ་འཐབ་མི་དང་ སྤྱིར་བཏང་མི་ཚུ་གིས་འབད་རུང་ རྒྱབ་སྐྱོར་དང་ ངོས་ལེན་ལེགས་ཤོམ་འབད་མི་ལུ་བརྟེན་ ད་རེས་ ཁྲོམ་སྡེའི་ནང་ གྱིབ་ཤོག་དང་ ཆུ་ཤོག་ཚུ་ ལག་ལེན་འཐབ་མི་ བརྒྱ་ཆ་༩༠ དེ་ཅིག་ མར་བབས་སོང་ཡི་ཟེར་ཨིན་པས།
གལ་སྲིད་ ཚོང་ཁང་དང་ སྤྱིར་བཏང་མི་རེ་གཉིས་ཀྱིས་ ཆུ་ཤོག་ལག་ལེན་འཐབ་སར་ མཐོང་པ་ཅིན་ ལྟ་རྟོག་དམ་དམ་འབད་མི་ ཁྲོམ་སྡེའི་ཞིབ་དཔྱོདཔ་ཚུ་གིས་ ཉེས་བྱ་ཚུ་ བཀལ་འོང་ཟེར་ ཁྲོམ་དཔོན་གྱིས་ བཤད་པའི་ཁར་ ད་ལྟོ་ཚུན་ཚོད་ ཆུ་ཤོག་བཙོང་མི་དང་ བྱིན་མི་༡ ལུ་ ཉེས་བྱ་དངུལ་ཀྲམ་༥༠༠ བཀལ་ཡི་ཟེར་ བཤདཔ་ཨིན་པས།
ཁྲོམ་དཔོན་གྱིས་ སླབ་མིའི་ནང་ ཆུ་ཤོག་ལག་ལེན་དེ་ བཀག་འཛིན་འབད་བའི་སྐབས་ མི་ཚུ་དང་ ཚོང་འབྲེལ་འཐབ་མི་ཚུ་ལུ་ ཐབས་ལམ་གཞན་ཡང་ སྤྲོད་དགོཔ་ཁག་ཆེཝ་ལས་ ཁྲོམ་སྡེ་གིས་ རུལ་བཏུབ་པའི་ ཕད་ཙེའི་རིགས་ཚུ་ སྤྲོད་ཡོདཔ་མ་ཚད་ མར་དང་ དར་ཚིལ་ལ་སོགས་པ་ཚུ་ སྤུར་ནིའི་དོན་ལུ་ ངང་ལག་གི་ འདབ་མ་ཚུ་ ལག་ལེན་འཐབ་དགོཔ་སྦེ་ སླབ་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁྲོམ་སྡེའི་ཁ་ཐུག་ལས་ བདུན་རིམ་བཞིན་དུ་ ཞིབ་དཔྱད་འབད་ནི་ཡོད་རུང་ བསམ་གྲུབ་ལྗོངས་མཁར་དེ་ ས་མཚམས་ཁྲོམ་སྡེ་ཅིག་འབདཝ་ལས་ ཆུ་ཤོག་ཚུ་ འཇམ་ཏོང་ཏོ་སྦེ་ ཐོབ་ཚུགས་པའི་ཁར་ ཁྲོམ་སྡེའི་ནང་ མི་སྟོབས་མེད་མི་ལུ་བརྟེན་ ལྟ་རྟོག་འབད་ནིའི་ནང་ གདོང་ལེན་འདུག་ཟེར་ཨིན་པས།
ད་ལྟོ་ ཆུ་ཤོག་ལག་ལེན་བཀག་འཛིན་འབད་དེ་ དུས་ཡུན་ལེ་ཤ་མ་ལང་མི་ལུ་བརྟེན་ ཟླཝ་༦ གི་ཤུལ་ལས་ གྲུབ་འབྲས་ག་དེ་སྦེ་ འཐོན་འོང་ག་ ལྟ་རྟོག་འབད་ནི་དང་ ག་དེམ་ཅིག་སྦེ་ ལེགས་ཤོམ་འཐོན་པ་ཅིན་ ད་རུང་ རང་བཞིན་གནས་སྟངས་ལུ་ཕན་པའི་ ལས་རིམ་གཞན་ཚུ་ཡང་ འགོ་འདྲེན་འཐབ་ནི་ཟེར་ ཁྲོམ་དཔོན་གྱིས་ བཤདཔ་ཨིན་པས།
ཚོང་བསྲེ་ཚོང་འབྲེལ་འཐབ་མི་ ཡེ་ཤེས་བཟང་མོ་གིས་ སླབ་མིའི་ནང་ ཧེ་མ་དང་ཕྱདཔ་ད་ ཆུ་ཤོག་ལག་ལེན་འཐབ་མི་ ལོག་ལྟབ་ཀྱིས་ མར་བབས་སོང་ཡོད་རུང་ ཕད་ཙེ་འབག་མ་འོང་མི་ ཚོང་མགྲོན་པ་རེ་གཉིས་ཀྱིས་ ཚོད་བསྲེ་བཙུགས་ནིའི་ ཕད་ཙེ་ཚུ་ ཉོ་མི་བཏུབ་དོ་ཡོདཔ་ལས་ རུལ་བཏབ་པའི་ ཕད་ཙེ་བྱིན་དོ་ཟེར་ཨིན་པས།
ཚོང་པ་གཞན་ཚུ་གིས་འབད་བ་ཅིན་ ཚོང་པ་རྐྱངམ་གཅིག་གིས་ ཆུ་ཤོག་ལག་ལེན་མ་འཐབ་མི་དེ་གིས་ ཁྲོམ་སྡེའི་ནང་ ཆུ་ཤོག་ལག་ལེན་མར་ཕབ་འབད་ནི་ལུ་ ཕན་ཐོགས་འབྱུང་མི་ཚུགས་ནི་ཨིནམ་ལས་ ཚོང་མགྲོན་པ་ཚུ་གི་ ཁ་ཐུག་ལས་འབད་རུང་ མཉམ་འབྲེལ་འབད་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
ཁོང་གིས་ སླབ་མིའི་ནང་ མི་མང་ཤོས་ཅིག་གིས་ ཉོ་ཚོང་རྐྱབ་པར་ རྒྱ་གར་ཨ་སམ་གྱི་ས་གནས་ གེ་རེཇ་དང་ པར་ཀི་ཇུ་ལི་ཚུ་ནང་ འགྱོ་དོ་ཡོདཔ་ཨིན་རུང་ ས་གནས་ཀྱི་ ཚོང་པ་ཚུ་གིས་ཡང་ འབྲུག་ལུ་ ཆུ་ཤོག་ལག་ལེན་བཀག་འཛིན་འབད་ཡོད་པའི་སྐོར་ ཤེས་རྟོགས་ཡོདཔ་ལས་ ཆུ་ཤོག་གི་ཚབ་ལུ་ ཤོག་གུ་གིས་ སྤུར་ཞིནམ་ལས་ བྱིནམ་མས་ཟེར་ཨིནམ་ད་ ཤོག་གུ་ཚུ་ཡང་ ཕྱགས་སྙིགས་ཅིག་ཨིནམ་ལས་ རང་གིས་ར་ ཕད་ཙེ་འབག་འགྱོ་དགོཔ་དེ་ ཁག་ཆེ་ཟེར་ བཤདཔ་ཨིན་པས།
ཁྲོམ་དཔོན་གྱིས་ ཞལ་འཛོམས་ལ་སོགས་པ་ཚུ་གི་སྐབས་ དོག་མ་པགས་ཀོ་གིས་བཟོ་མི་ ཕོརཔ་དང་ ཐ་ལི་ཚུ་ ལག་ལེན་འཐབ་ནིའི་དོན་ལུ་ བསམ་གྲུབ་ལྗོངས་མཁར་གྱི་ ལུང་ཕྱོགས་ཡིག་ཚང་ཚུ་དང་གཅིག་ཁར་ མོས་མཐུན་ཆིངས་ཡིག་གུ་ མཚན་རྟགས་བཀོད་དེ་ཡོད་རུང་ ཞིབ་དཔྱད་དམ་དམ་ཅིག་ འབད་མ་ཚུགས་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁྲོམ་སྡེའི་ནང་ ཆུ་ཤོག་གི་ ཕོརཔ་དང་ ཐ་ལི་ཚུ་ཡང་ ཚོང་འབྲེལ་འཐབ་ནི་དང་ ལག་ལེན་འཐབ་མི་ཆོག་ཟེར་ཨིན་རུང་ རེ་གཉིས་ཀྱིས་ ཚོང་འབྲེལ་དང་ ལག་ལེན་འཐབ་དོ་ཡོད་པའི་ ལོ་རྒྱུས་ཚུ་ གོཝ་མས་ཟེར་ཨིནམ་ད་ གལ་སྲིད་ བདའ་ཟུན་པ་ཅིན་ ཁྲོམ་སྡེ་གིས་ ཉེས་བྱ་ཡངས་ཆག་མེད་པར་ བཀལ་ནི་ཨིནམ་ལས་ འཛེམ་གནང་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *