ཁས་བླངས་པ་ཚུ་གིས་ གཞུང་ལམ་བདའ་སྟེ་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་བའི་བསྒང་།

བསམ་གྲུབ་ལྗོངས་མཁར་དང་ བདེ་བ་ཐང་བར་ནའི་ གཞུང་ལམ་བདའ་སྟེ་ ཕྱགས་སྙིགས་ བསྡུ་བསྒྱོམ་འབད་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེའི་ ས་ཁོངས་ཚུ་ གཙང་སྦྲ་དང་ལྡནམ་སྦེ་ བཞག་ཐབས་ལུ་ ཁ་ཙ་ ནུབ་མོའི་སྤྲོ་སྟོན་ཁང་ཅིག་ཨིན་མི་ ཚེ་རིང་མ་སྤྲོ་འཕེལ་སྒྲ་དབྱངས་ཀྱི་ ཇོ་བདག་དང་ ལས་བྱེདཔ་ཚུ་གིས་ ཀི་ལོ་མི་ཊར་༡༨ འབད་མི་ བསམ་གྲུབ་ལྗོངས་མཁར་དང་ བདེ་བ་ཐང་བར་ནའི་ གཞུང་ལམ་བདའ་སྟེ་ ཕྱགས་སྙིགས་ཚུ་ བསྡུ་བསྒྱོམ་འབད་ཡི།
ཚེ་རིང་སྤྲོ་འཕེལ་སྒྲ་དབྱངས་ཀྱི་ཇོ་བདག་ ཀརྨ་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཧེ་མར་ ཁོ་ཨ་རྟག་ར་ གཞུང་ལམ་དེ་ཁར་ལས་ རྐང་འཁོར་བཏང་སྟེ་ འགྱོ་བའི་སྐབས་ གཞུང་ལམ་བདའ་སྟེ་ ཕྱགས་སྙིགས་ལེ་ཤ་མཐོངམ་ལས་ སེམས་ཕམ་བྱུང་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཁྲོམ་ཁར་ ཕྱགས་བདར་ལས་རིམ་ཚུ་ དེ་ཁར་སྡོད་མི་ཚུ་གིས་ འགོ་འདྲེན་འཐབ་དོ་ཡོད་རུང་ གཞུང་ལམ་བདའ་སྟེ་ ཕྱགས་སྙིགས་ཚུ་ བསྡུ་བསྒྱོམ་འབད་ནིའི་དོན་ལུ་ འགན་ཁུར་འབག་མི་ ག་ཡང་མེདཔ་ལས་ ཁོ་གིས་ འཆར་གཞི་བརྩམས་ཡོད་རུང་ ཁོ་ར་རྐྱངམ་གཅིག་གིས་ འགོ་འདྲེན་འཐབ་ནི་ལུ་ ལཱ་ཁག་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁྲོམ་སྡེ་ཡིག་ཚང་ལས་ རྒྱབ་སྐྱོར་འཚོལ་ཡོདཔ་བཞིན་དུ་ དངུལ་ཀྲམ་༡༠,༠༠༠ གནང་བའི་ཁར་ མ་དངུལ་བསྡུ་བླངས་ཀྱི་ ལས་རིམ་ཅིག་ཡང་ འགོ་འདྲེན་འཐབ་པའི་སྐབས་ མི་ཚུ་གིས་ ཁས་བླངས་འབད་ནི་ཟེར་ སླབ་མི་ལེ་ཤ་ཐོན་ཡོད་རུང་ མཐའན་མཇུག་ཁར་ བཀྲིས་དགའ་གསལ་ཟ་ཁང་གི་ ཇོ་བདག་རྐྱངམ་གཅིག་གིས་མ་གཏོགས་ གཞན་ག་གིས་ཡང་ འབད་མ་བཏུབ་ཟེར་ཨིན་པས།
ཀརྨ་རྡོ་རྗེ་གིས་ སླབ་མིའི་ནང་ ཁས་བླངས་འབད་མི་ མ་ཐོན་མི་དེ་ཡང་ ལས་རིམ་དེ་ རེས་གཟའ་ལྷག་པ་ལུ་ འགོ་འདྲེན་འཐབ་ནི་དེ་གིས་ ཨིནམ་འོང་ནི་མས་ཟེར་ཨིནམ་ད་ སྒྲ་དབྱངས་ཀྱི་ ལས་བྱེདཔ་ཚུ་ རེས་གཟའ་ལྷག་པ་ལུ་ ངལ་གསོ་ཨིནམ་ལས་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ བདུན་ཕྲག་༡ ནང་ ངལ་གསོ་ཉིནམ་༡ ལས་མེད་རུང་ ལས་བྱེདཔ་བུམོ་ཚུ་གིས་ རྒྱབ་སྐྱོར་འབད་མི་དེ་ཡང་ སྒྲ་དབྱངས་ནང་ ལཱ་འབད་མི་ཅིག་ ཨིན་ཟེར་སླབ་པའི་སྐབས་ ག་ར་གིས་ ཁ་བཏང་དོ་ཡོདཔ་ལས་ ད་ལས་ཕར་ ཁོང་ཡང་ མི་སྡེའི་འགན་ཁུར་འབག་མི་ཅིག་ཨིན་ཟེར་ དཔེ་སྟོན་ཐབས་ལུ་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་ལམ་བདའ་སྟེ་ ཕྱགས་སྙིགས་མང་ཤོས་ར་ དོག་མ་གི་ཤོག་གུ་དང་ དམ་སྦྱིས་ ཆུ་ཤོག་ ཏམ་ཁུའི་ཤོག་སྒམ་ལ་སོགས་པ་ཚུ་ འདུག་ཟེར་ཨིནམ་ད་ གཞུང་ལམ་དེ་ཁར་ལས་ ཡར་མར་འགྲོ་འགྲུལ་འབད་མི་ཚུ་གིས་ མི་སྡེའི་འགན་ཁུར་ཚུ་ སེམས་ཁར་དྲན་ཞིནམ་ལས་ ཕྱགས་སྙིགས་ཚུ་ ག་ལྷོད་བཀོག་ནི་ལས་ འཛེམ་གནང་ཟེར་ སླབ་ཨིན་པས།
རབ་འབྱུང་པ་ཅིན་ ལས་རིམ་དེ་ ལོ་༡ ནང་ ཚར་༢ དེ་ཅིག་ འགོ་འདྲེན་འཐབ་ནི་དང་ དེ་མེན་རུང་ ལོ་བསྟར་བཞིན་དུ་ ཚར་རེ་འགོ་འདྲེན་འཐབ་ནི་ཨིནམ་ལས་ ཁས་བླངས་པ་ལེ་ཤ་འཐོན་པའི་ རེ་བ་ཡོད་ཟེར་ ཀརྨ་རྡོ་རྗེ་གིས་ བཤདཔ་ཨིན་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *