པདྨ་དགའ་ཚལ་དང་ མི་ཀུ་རི་བར་ན་ ས་རུད་ཀྱིས་བསུབས་ཡོད་མི་ འཁོར་ལམ།

བསམ་གྲུབ་ལྗོངས་མཁར་དང་ པདྨ་དགའ་ཚལ་ལུ་ གཞུང་ལམ་ཁག་ལེ་ཤ་ཅིག་ར་ བསུབས་ཡོདཔ།

༉ སྤྱི་ཟླ་༧ པའི་ཚེས་༡༡ ལུ་ ཆརཔ་ཤུགས་རྐྱབ་ནི་དེ་གིས་ བསམ་གྲུབ་ལྗོངས་མཁར་དང་ པདྨ་དགའ་ཚལ་ལུ་ གཞུང་ལམ་ཚུ་ བསུབས་ཡོདཔ་མ་ཚད་ རྫོང་ཁག་༢ ནང་ རྒེད་འོག་ལྟེ་བའི་འཁོར་ལམ་དང་ སོ་ནམ་ཞིང་ལམ་ཚུ་ཡང་ བསུབས་ཡོདཔ་བཞིན་དུ་ ལ་ལོ་ཅིག་ འཕྱགས་བདའ་ཡོདཔ་ཨིན་པས།
ཨིན་རུང་ བསམ་གྲུབ་ལྗོངས་མཁར་ལས་ བཀྲིས་སྒང་ཁ་ཐུག་ ཀི་ལོ་མི་ཊར་༦༤ དེ་ཅིག་གི་ས་གནས་ ནར་ཕུང་གི་ལྟག་ལུ་ གཞུང་ལམ་བསུབས་ཡོད་མི་དེ་ ཁ་ཙ་ ཉིན་མའི་ཆུ་ཚོད་༢:༤༠ དེ་ཅིག་ཁར་ བསལ་ཚུགས་ཡོདཔ་ད་ གཞུང་ལམ་དེ་ སྤྱི་ཚེས་༡༣ གྱི་ནུབ་མོ་ ཆརཔ་ཤུགས་སྦེ་ རྐྱབ་མི་ལུ་བརྟེན་ ས་རུད་ཀྱིས་ བསུབས་ཡོདཔ་ཨིན་པས།
གཞུང་ལམ་དེ་ལས་ རྒྱུན་འགྲུལ་འཐབ་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ས་གནས་དེ་ཁར་ ཆརཔ་མ་ཆད་པར་ རྐྱབ་དོ་ཡོད་པའི་ཁར་ རྡོ་བུད་དོ་ཡོདཔ་ལས་ ལོག་བསུབ་ནིའི་ཉེན་ཁ་ཡོདཔ་བཞིན་དུ་ རྒྱུན་འགྲུལ་འཐབ་ནི་ལུ་ཡང་ ཉེན་ཁ་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ ཀེ་རོང་དང་ རྒྱལ་པོའི་ཞིང་ དེ་ལས་ མཚོ་སྦ་ལེ་དང་ པདྨ་དགའ་ཚལ་གྱི་བར་ན་ ས་ཁོངས་མང་རབས་ཅིག་ནང་ གཞུང་ལམ་བསུབས་ཡོདཔ་ལས་ ངང་ལམ་-རྒྱལ་པོའི་ཞིང་གཞུང་ལམ་དང་ ངང་ལམ་- པདྨ་དགའ་ཚལ་གཞུང་ལམ་དེ་ཁར་ལས་ ད་ལྟོ་ཡང་ རྒྱུན་འགྲུལ་འཐབ་མི་ཚུགས་དོ་ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྤྱི་ཚེས་༡༡ ལུ་ ཆརཔ་ཤུགས་སྦེ་ རྐྱབ་མི་ལུ་བརྟེན་ གཞུང་ལམ་དེ་༢ བསུབས་ཡོདཔ་ལས་ རྒྱུན་འགྲུལ་བཀག་འཛིན་འབད་དེ་ ཉིནམ་༤ དེ་ཅིག་ ལང་ཡི་ཟེར་ཨིནམ་ད་ ངང་ལམ་ལས་ ཀེ་རོང་ཟེར་སར་ཚུན་ བསལ་ཚར་ཡི་ཟེར་ཨིན་པས།
ཁོང་གིས་ སླབ་མིའི་ནང་ ཀེ་རོང་དང་ རྒྱལ་པོའི་ཞིང་གི་བར་ན་ ཁག་༨ དེ་ཅིག་ནང་ གཞུང་ལམ་རྩ་བ་ལས་ར་ འཕྱགས་བདའ་ནུག་ཟེར་ཨིནམ་ད་ བསལ་ནིའི་ལཱ་ཚུ་ འབད་དོ་ཡོད་རུང་ ཆརཔ་མ་ཆད་པར་རྐྱབ་མི་དང་ རྡོ་བུད་ཡོད་མི་ལུ་བརྟེན་ གཞུང་ལམ་བསལ་ནི་ལུ་ གདོང་ལེན་བཟོཝ་མས་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ གཞུང་ལམ་བསལ་ནིའི་ལཱ་ཚུ་ འབད་དོ་ཡོད་རུང་ གནམ་གཤིས་སྐྱོ་དྲགས་ལུ་བརྟེན་ ལས་མི་ཚུ་གི་ ཚེ་སྲོག་ལུ་ཡང་ ཉེན་ཁ་ཡོདཔ་ད་ གཞུང་ལམ་བསུབས་ཡོད་མི་ཚུ་ བསལ་ནིའི་དོན་ལུ་ ག་དེམ་ཅིག་འགོར་འོང་ག་ སླབ་མི་ཤེས་ནི་མས་ཟེར་ཨིན་པས།
དེ་ལས་ ངང་ལམ་-པདྨ་དགའ་ཚལ་གྱི་ གཞུང་ལམ་དེ་ ད་རུང་ བདུན་ཕྲག་༡ ལྷགཔ་ཅིག་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་མི་ཚུགས་ནི་བཟུམ་ཅིག་ ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གཞུང་ལམ་བསུབས་མི་ཚུ་ བསལ་བའི་བསྒང་ཡོད་རུང་ མི་ཀུ་རི་དང་ པདྨ་དགའ་ཚལ་གྱི་བར་ན་ ས་ཁོངས་མང་རབས་ཅིག་ནང་ གཞུང་ལམ་རྩ་བ་ལས་ར་ འཕྱགས་བདའ་ཡོདཔ་ལས་ བསལ་ནིའི་དོན་ལུ་ ད་རུང་ བདུན་ཕྲག་༡ ལྷགཔ་ཅིག་ འགོར་ནི་མས་ཟེར་ཨིན་པས།
ཆརཔ་དེ་གིས་ རྫོང་ཁག་༢ ཀྱི་ རྒེད་འོག་ལྟེ་བའི་ འཁོར་ལམ་དང་ སོ་ནམ་ཞིང་ལམ་ཚུ་ནང་ བསུབས་ཡོདཔ་ད་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ སླབ་མིའི་ནང་ དེ་འཕྲོ་ལས་ འཕྲུལ་ཆས་ཚུ་ ས་ཁོངས་ཚུ་ནང་ འཁོར་ལམ་བསལ་བར་ བཏང་ཡི་ཟེར་ཨིནམ་ད་ ཆརཔ་མ་ཆད་པར་ རྐྱབ་དོ་ཡོདཔ་ལས་ འཁོར་ལམ་བསུབས་མི་ཚུ་བསལ་རུང་ དེའི་ནངས་པར་ ད་རུང་ ལོག་བསུབ་དོ་ཡོད་མི་ལུ་བརྟེན་ ལཱ་ཁག་བཏངམ་མས་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *