བྱང་ས་སློབ་གྲྭ་ཆུང་བའི་ སློབ་ཕྲུག་ཚུ་ ཉིན་ལྟོ་ཟ་བའི་བསྒང་།

བསམ་གྲུབ་ལྗོངས་མཁར་གྱི་ སློབ་གྲྭ་༣ ནང་ ཉིན་མའི་ལྟོ་བྱིན་ནི་ འགོ་བཙུགས་ཡོདཔ།

༉ སྐྱེས་ལོ་༤༩ ལང་མི་ རྡོ་རྗེ་སྒྲོལ་མ་གིས་ དྲོ་པ་ཆུ་ཚོད་༥ དེ་ཅིག་ལས་ལོང་སྟེ་ ཨ་ལོ་སློབ་གྲྭ་ནང་ འགྱོ་མི་ཚུ་གི་དོན་ལུ་ བཞེས་སྒོ་འབདཝ་ཨིན་རུང་ ད་ལས་ཕར་ འདི་བཟུམ་བའི་ གྲ་སྒྲིག་འབད་དགོཔ་ མི་འཐོན་ནི་ཨིན་པས།
དེ་ཡང་ ཁ་ཙ་ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་དྲུང་ཁག་ གླང་ཅན་ཕུག་རྒེད་འོག་ བྱང་ས་སློབ་གྲྭ་ཆུང་བའི་ནང་ གཞུང་གི་ལྟོ་ཐོབ་ལས་རིམ་ འགོ་བཙུགས་མི་ལུ་བརྟེན་ཨིན་པས།
རྡོ་རྗེ་སྒྲོལ་མ་གིས་ སླབ་མིའི་ནང་ ད་ཚུན་གྱི་བར་ན་ དྲོ་པ་ཧ་སག་ལས་ ཨ་ལོ་ཚུ་གི་ བཞེས་སྒོ་འབད་དེ་ ཉིན་ལྟོ་བཅིངས་ཏེ་ བྱིན་དགོཔ་ལས་ དྲོ་པ་སོ་ནམ་དང་འབྲེལ་བའི་ ལཱ་ག་ནི་ཡང་ འབད་མ་ཚུགས་པའི་ གདོང་ལེན་བྱུང་ཡི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ད་རེས་ གཞུང་གི་ཁ་ཐུག་ལས་ སློབ་གྲྭའི་ནང་ སློབ་ཕྲུག་ཚུ་ལུ་ དྲོ་མཛར་ལས་ འགོ་བཙུགས་ཏེ་ བཞེས་སྒོ་བྱིན་ནི་ཨིནམ་ལས་ མོ་བཟུམ་མའི་ སོ་ནམ་པ་ཉམ་ཆུང་ལུ་ ཕན་ཐོགས་སྦོམ་ འབྱུང་ནི་མས་ཟེར་ཨིན་པས།
ཁ་ཙ་ སློབ་ཕྲུག་ཚུ་ལུ་ ཇོ་མོ་གཙང་ཁ་དྲུང་པ་དང་ རྫོང་ཁག་ཤེས་རིག་གཙོ་འཛིན་འགོ་དཔོན་ དེ་ལས་ སློབ་དཔོན་ཚུ་གིས་ ཉིན་ལྟོ་འགོ་དང་པ་ བྱིན་པའི་སྐབས་ སློབ་ཕྲུག་བུ་དང་ བུམོ་ཚུ་གིས་ སྤྲོ་སྣང་གི་སྒོ་ལས་ གྱལ་ནང་སྦེ་ བཞེས་སྒོ་བཟེད་ཟ་ཡི།
དྲུང་པ་ལམ་དྲག་དབང་འདུས་ཀྱིས་ སླབ་མིའི་ནང་ ད་རེས་ནངས་པར་ ཕམ་མང་ཤོས་ཅིག་ལུ་ བཟའ་འཐུང་གི་ དཀའ་ངལ་ཚུ་ ཐོན་དོ་ཡོདཔ་ལས་ ཨ་ལོ་ལ་ལོ་ཅིག་ གཞན་ཁ་ལས་ཕར་བཏང་དགོཔ་ ཐོན་དོ་ཡོད་མི་ལུ་བརྟེན་ ད་རེས་ སློབ་གྲྭའི་ནང་ ལྟོ་ཐོབ་ལས་རིམ་འགོ་བཙུགས་མི་དེ་གིས་ ཕན་ཐོགས་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གཞུང་གི་ སྲིད་བྱུས་ཚུ་དང་འཁྲིལཝ་ད་ ཕམ་ཚུ་ལས་ ག་ཅི་ཡང་ བསྡུ་ལེན་འབད་མ་ཆོགཔ་སྦེ་ཡོད་རུང་ སློབ་ཕྲུག་ཚུ་ལུ་ ཚོདམ་ལ་སོགས་པ་ ལེགས་ཤོམ་སྦེ་ བྱིན་ཚུགས་ཐབས་ལུ་ ཕམ་ཚུ་གིས་ ཚོད་བསྲེ་ཚུ་ གྲོགས་རམ་འབད་ནིའི་ རེ་བ་ཡོད་ཟེར་ཨིན་པས།

ཇོ་མོ་གཙང་ཁའི་དྲུང་པ་དང་ རྫོང་ཁག་ཤེས་རིག་གཙོ་འཛིན་གྱིས་ ཨ་ལོ་ཚུ་ལུ་ ཉིན་མའི་ལྟོ་བྱིན་པའི་བསྒང་།
རྫོང་ཁག་ཤེས་རིག་གཙོ་འཛིན་འགོ་དཔོན་ རིན་ཆེན་རྒྱལ་མཚན་གྱིས་ སླབ་མིའི་ནང་ གཞུང་གི་ཁ་ཐུག་ལས་ དེ་བཟུམ་མའི་ ལྟོ་ཐོབ་ལས་རིམ་ འགོ་བཙུགས་དགོ་མི་དེ་ བཞེས་སྒོ་བྱིན་ཐོག་ལས་ སློབ་ཕྲུག་གི་ གཟུགས་སྟོབས་སྒྲིང་སྒྲི་བཟོ་ནི་དང་ ཤེས་རིག་གི་ སྤུས་ཚད་ཡར་དྲག་གཏང་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གཞུང་གིས་ ལྟོ་ཐབས་ལས་རིམ་གྱི་དོན་ལུ་ ཟླཝ་༡ ནང་ སློབ་ཕྲུག་རེ་ལུ་ དངུལ་ཀྲམ་༦༧༠ རེ་ ཟད་འགྲོ་བཏང་དོ་ཡོདཔ་ད་ བྱང་ས་སློབ་གྲྭ་ཆུང་བའི་ སློབ་ཕྲུག་༢༡ གི་དོན་ལུ་ ལོ་༡ ནང་ ཟད་འགྲོ་དངུལ་ཀྲམ་༡༤༠,༧༠༠ དེ་ཅིག་ གནས་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཐབ་ཚང་དང་ མཛོད་ཁང་ཚུ་ བཟོ་སྐྲུན་འབད་ནིའི་དོན་ལུ་ མ་དངུལ་ཚུ་ཡང་ བགོ་བཀྲམ་འབད་ཡོད་པའི་ཁར་ ལ་ལོ་ཅིག་ནང་ རིན་བསྡུར་ཡང་ འབད་ཚར་ཡོདཔ་བཞིན་དུ་ ཐབ་ཚངཔ་ཚུ་ཡང་ བསྐོ་བཞག་འབད་ཚར་ཡི་ཟེར་ཨིན་པས།
འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ ཆུམ་དང་མར་ ཚྭ་ ཨོ་ཕྱེ་ གུ་རམ་ཅི་ནི་ ཇ་རིལ་ དཱལ་ ནིའུ་ཊ་ལ་ དེ་ལས་ དར་ཚིལ་བཟུམ་འབད་མི་ ཅིསི་ལ་སོགས་པ་ཚུ་ བཀྲམ་སྤེལ་འབད་ནི་དང་ ཚོད་བསྲེའི་རིགས་ སློབ་གྲྭ་གིས་ མཁོ་སྒྲུབ་འབད་དགོཔ་ཨིན་པས།
ཕམ་ཚུ་གིས་ སླབ་མིའི་ནང་ ཨ་ལོ་ཚུ་ དྲོ་པ་ཧ་སག་ལས་ སློབ་གྲྭའི་ནང་ འགྱོ་དགོཔ་ལས་ ལྟོ་བཅིང་འབག་མ་བཏུབ་པའི་ཁར་ ག་དེམ་ཅིག་སྦེ་ ལྟོ་བཅིང་བྱིན་རུང་ བཞེས་སྒོ་ཁོདམ་ཐལཝ་མ་ཚད་ གནམ་བྱཱར་ཚདཔ་གིས་ དྲིམ་ཡང་མགྱོགས་པ་ར་ བཏགས་ནི་དེ་གིས་ བཞེས་སྒོ་མ་ཟ་བར་ ལོག་འབག་འོང་པའི་ དཀའ་ངལ་འབྱུང་ནི་ཡོད་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ ད་རེས་ སློབ་གྲྭའི་ནང་ བཞེས་སྒོ་ཐོབ་མི་ལུ་བརྟེན་ ཨ་ལོ་ཚུ་གིས་ དཔེ་ཆ་རྩ་འགེངས་བལྟ་ནིའི་ ཕན་ཐོགས་འབྱུང་ནི་ཨིནམ་ལས་ སློབ་གྲྭའི་ནང་ ཚོད་བསྲེའི་རིགས་ཚུ་ དགོཔ་འཐོན་པ་ཅིན་ རྒྱབ་སྐྱོར་འབད་ནི་གི་ ཁས་བླངས་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ ཁ་ཙ་ བསམ་གྲུབ་ལྗོངས་མཁར་ བདེ་བ་ཐང་རྒེད་འོག་ རི་ཁེ་སློབ་གྲྭ་ཆུང་བ་དང་ བསམ་གྲུབ་ཆོས་གླིང་དྲུང་ཁག་ པདྨ་ཐང་འབྲིང་རིམ་སློབ་གྲྭ་འོག་མའི་ནང་ཡང་ གཞུང་གི་ལྟོ་ཐོབ་ལས་རིམ་ འགོ་བཙུགས་ཡོད་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *