བསམ་གྲུབ་ལྗོངས་མཁར་གྱིས་ འཆར་གཞི་༡༡ པའི་དམིགས་གཏད་༡༠ གྲུབ་མ་ཚུགས་པར་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་རྫོང་ཁག་གིས་ ལོ་ལྔའི་འཆར་གཞི་༡༡ པའི་ནང་ དམིགས་གཏད་༥༦ ཡོད་མི་ལས་༤༦ གྲུབ་ནུག།
དེ་ཡང་ སྤྱི་ཟླ་༦ པའི་ཚེས་༩ ལུ་ རྫོང་བདག་མཐར་ཕྱིན་ལྷུན་གྲུབ་ཀྱིས་ འཆར་གཞི་༡༡ པ་ མཇུག་བསྡུའི་སྙན་ཞུ་ཕུལ་བའི་སྐབས་ དམིགས་གཏད་༥ གྲུབ་པའི་བསྒང་དང་ དམིགས་གཏད་༥ འགྲུབ་མི་ཚུགས་ནི་བཟུམ་ཡོད་པའི་ ཚ་གྱང་ཡོད་ལུགས་ཞུ་ཡི།
སྙན་ཞུ་དང་འཁྲིལཝ་ད་ འཆར་གཞི་༡༡ པའི་ནང་ ཀི་ལོ་མི་ཊར་༣༣༥ འབད་མི་ ཞིང་ལམ་༨༡ གསརཔ་བསལ་ཡོདཔ་མ་ཚད་ ཀི་ལོ་མི་ཊར་༢༠༠ འབད་མི་ ཞིང་ལམ་༣༥ ཉམས་བཅོས་འབད་ནུག།
དེ་ལས་ ཀི་ལོ་མི་ཊར་༣༤ འབད་མི་ རྒེད་འོག་ལྟེ་བའི་ལམ་༡ བསལ་ཡོདཔ་བཞིན་དུ་ ཀི་ལོ་མི་ཊར་༨༣ འབད་མི་ རྒེད་འོག་ལྟེ་བའི་ལམ་༨ རྩི་ནག་བཏང་ཡོདཔ་ད་ སྤྲིངས་ཟམ་༢ དང་ སྣུམ་འཁོར་ཐལ་བའི་ཟམ་༦ བཟོ་སྐྲུན་འབད་ཡོདཔ་ཨིན་པས།
ཤེས་རིག་གི་ཐད་ལུ་ རྫོང་ཁག་ནང་ སློབ་གྲྭ་ལྟེ་བ་༤ གཞི་བཙུགས་འབད་ཡོདཔ་ད་ འཆར་གཞི་༡༢ པའི་ ཟིན་བྲིས་ནང་ སྒར་པ་འུང་དང་ བསམ་གྲུབ་ཆོས་གླིང་དྲུང་ཁག་ ཕུན་ཚོགས་ཐང་ ཀརྨ་གླིང་སློབ་གྲྭ་༢ ཡང་ སློབ་གྲྭ་ལྟེ་བ་བཟོ་ནི་སྦེ་ བཀོད་དེ་འདུག།
འཆར་གཞི་༡༡ པའི་ནང་ སྡེ་རིམ་༡ པའི་ གཞི་རྟེན་སྨན་ཁང་༣ དང་ གསར་བྱུང་དང་ བསམ་རང་འུ་གླིང་བརྩིས་ཏེ་ སྡེ་རིམ་༢ པའི་ གཞི་རྟེན་སྨན་ཁང་༡༠ དེ་ལས་ ཌོག་ཊར་༡༠ དང་ སྨན་གཡོགམོ་༥༣ ལུ་ ཡར་སེང་སོང་ཡོདཔ་ཨིན་པས།
སོ་ནམ་གྱི་ཐད་ཁར་ འཆར་གཞི་༡༡ པའི་ནང་ རེད་མེ་ཊིག་ཊཱན་༣.༧༣༩ དང་ གེ་ཟ་མེ་ཊིག་ཊཱན་༩,༡༤༠ བྱཱོ་མེ་ཊིག་ཊཱན་༨༠༠ ཀར་མེ་ཊིག་ཊཱན་༡༣༥ དེ་ལས་ དངུལ་ཐོག་ཚལ་ལུ་ མེ་ཊིག་ཊཱན་༤,༡༨༢ དང་ ཀེ་བ་མེ་ཊིག་ཊཱན་༡,༥༠༤ ས་སྒ་མེ་ཊིག་ཊཱན་༩༨༩ དོག་མ་མེ་ཊིག་ཊཱན་༡,༠༥༠ ཐོན་སྐྱེད་འབད་ཡོདཔ་ཨིན་པས།
རྫོང་ཁག་གིས་ ཞིང་རྨོ་འཕྲུལ་ པ་ཝར་ཊི་ལར་༢༧ ཐོབ་ཡོདཔ་ད་ ཀི་ལོ་མི་ཊར་༡༧༩ འབད་མི་ གློག་ཐག་ར་བ་༥༥ ཡོདཔ་བཞིན་དུ་ རྒེད་འོག་༡༡ ག་རའི་ནང་ ཉི་དྲོད་ཀྱི་ ར་བ་རེ་ཡོད་པའི་ཁར་ སོ་ནམ་ཁང་༦ གཞི་བཙུགས་འབད་ཡོདཔ་ཨིན་པས།
ད་རུང་ ལྷ་ཁང་དགོན་སྡེ་གསར་བཞེངས་༣ དང་ ཉམས་བཅོས་༣༡ དེ་ལས་ མཆོད་རྟེན་གསར་བཞེངས་༨ དང་ ཉམས་བཅོས་༤༢ འབད་ཡོདཔ་ད་ ད་ལྟོའི་འཆར་གཞི་ནང་ ལཱ་གཡོག་གི་ གོ་སྐབས་༡༦༤ བཟོ་ཡོདཔ་བཞིན་དུ་ མི་ཚུ་ལུ་ ཆོས་སེམས་ཡོད་མི་ལུ་བརྟེན་ སྒོ་ནོར་ཐོན་སྐྱེད་ཀྱི་ དམིགས་ཡུལ་འགྲུབ་ནི་ལུ་ གདོང་ལེན་ཡོདཔ་ཨིན་པས།
ཁག་འབགཔ་ཚུ་ལུ་ དུས་ཚོད་དང་བསྟུན་ ལས་སྣ་ཚུ་ འགོ་འདྲེན་འཐབ་ནིའི་ ལྕོགས་གྲུབ་དང་ རྫོང་ཁག་ནང་ བཟོ་བཀོདཔ་མེད་མི་ལུ་བརྟེན་ སྒར་པ་འུང་འབྲིང་རིམ་སློབ་གྲྭ་གོང་མའི་ ཉལ་ཁང་དང་ བད་ཀན་བརྟག་དཔྱད་ཁང་བཟོ་སྐྲུན་༢ དེ་ འཆར་གཞི་༡༢ པའི་ནང་ འཕྲོ་མཐུད་འབད་དགོཔ་ འཐོན་ནི་ཨིན་པས།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གསུངས་མིའི་ནང་ ཨ་ལོ་སྐྱེས་ལོ་༥ མན་ཆད་འབད་མི་དང་ ཨ་ལོ་སྐྱེས་མི་ཚུ་ ཤི་མི་བཅུག་ནིའི་ དམིགས་གཏད་དེ་ར་ འཛོལ་བ་ཨིནམ་ལས་ ཤི་ནི་མེདཔ་སྦེ་ འབད་མི་ཚུགས་ཟེར་ཨིནམ་ད་ མཇུག་བསྡུའི་སྙན་ཞུ་ཕུལ་བའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཆོས་སྒྲོན་ཡང་ བཅའ་མར་གཏོགས་ཅི།
བློན་ཆེན་གྱིས་ ལོ་༥ འི་འཆར་གཞི་དེ་ མི་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་ཐོག་ལས་ འགོ་བཙུགསཔ་བཞིན་དུ་ མཇུག་བསྡུའི་སྙན་ཞུའི་སྐབས་ ཁོང་ལུ་ གྲོས་བསྟུན་མི་འབད་དོ་ཡོདཔ་ལས་ ད་རེས་ ལམ་ལུགས་དེ་ གསརཔ་ཨིན་ཟེར་གསུངས་ཡི།
བློན་ཆེན་གྱིས་འབད་བ་ཅིན་ ད་རེས་ཀྱི་ འཆར་གཞིའི་ནང་ རྒྱལ་ཁབ་ཀྱི་ བུ་ལོན་ཡར་སེང་སོང་སྟེ་ཡོད་རུང་ བུ་ལོན་དེ་ཚུ་ གློག་མེ་ལས་འགུལ་ཚུ་གི་དོན་ལུ་ཨིནམ་ལས་ མི་སེར་ཚུ་ ཚ་གྱང་ལང་དགོཔ་མེད་ཟེར་ཨིན་པས།
བུ་ལོན་དེ་ཚུ་ གློག་མེ་ལས་འགུལ་ཚུ་ བསྒྲུབས་ཞིནམ་ལས་ རང་བཞིན་གྱིས་ སྤྲོད་ཚར་འོང་ཟེར་ཨིནམ་ད་ འདས་པའི་ལོ་༥ ནང་ གློག་མེ་ལས་འགུལ་གྱི་དོན་ལུ་མེན་པའི་ བུ་ལོན་མར་བབས་སོང་ཡོདཔ་ལས་ མི་ཚུ་ ངལ་རངས་དགོ་ཟེར་ བློན་ཆེན་གྱིས་ གསུངས་ཡོད་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

 

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *