བསམ་གྲུབ་ལྗོངས་མཁར་གྱི་ སྤྱིར་སྙོམས་འཛོམས་འདུ་ འཚོགས་པའི་བསྒང་།

བསམ་གྲུབ་ལྗོངས་མཁར་གྱི་ སྤྱིར་སྙོམས་འཛོམས་འདུ་ མཇུག་བསྡུ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་གྱི་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་ཚུ་གི་བར་ན་ འགོ་འདྲེན་འཐབ་མི་ སྤྱིར་སྙོམས་འཛོམས་འདུ་ མཇུག་དེ་ར་ སྤྱི་ཟླ་༤ པའི་ཚེས་༩ ལུ་ བསམ་གྲུབ་ལྗོངས་མཁར་ཁྲོམ་དང་ བདེ་བ་ཐང་རྒེད་འོག་གི་དོན་ལུ་ བདེ་བ་ཐང་རྒེད་འོག་གི་ ཞལ་འཛོམས་ཁང་ནང་སྦེ་ འགོ་འདྲེན་འཐབ་སྟེ་ མཇུག་བསྡུ་ཡོདཔ་བཞིན་དུ་ མི་སེར་༡༥༠ དེ་ཅིག་གིས་ གྲལ་གཏོགས་འབད་ཡི།
སྤྱིར་སྙོམས་འཛོམས་འདུ་ཚུ་ཡང་ རྒེད་འོག་༡༡ ཡོད་ས་ལས་ རྒེད་འོག་རེའི་ནང་ སྤྱི་ཟླ་༣ པའི་ཚེས་༢༦ ལས་ ལའུ་རི་རྒེད་འོག་ལས་སྦེ་ འགོ་བཙུགས་ཡོདཔ་ད་ སྤྱིར་སྙོམས་འཛོམས་འདུའི་སྐབས་ རྫོང་ཁག་ནང་ འདེམས་ངོ་༦ ཡོད་ས་ལས་ འདེམས་ངོ་ཚུ་གིས་ རང་སོའི་ངོ་སྤྲོད་ལས་འགོ་བཙུགས་ ཁས་བླངས་གསལ་བསྒྲགས་ཚུ་ འབད་ཡོདཔ་ཨིན་པས།
རྫོང་ཁག་ནང་ ཨམ་སྲུའི་འདེམས་ངོ་ ཕུད་རྡོག་༡ ལས་མེད་མི་ ཨོ་རོང་རྒེད་འོག་ནང་ལས་ སྐྱེས་ལོ་༣༩ ལང་མི་ ཚུལ་ཁྲིམས་འབྲུག་དཀར་གྱིས་ བཤད་མིའི་ནང་ འདེམས་ངོ་སྦེ་ཐོན་དགོ་མི་དེ་ཡང་ མོ་ར་ཨམ་སྲུ་ཅིག་འབདཝ་ལས་ ཨམ་སྲུ་ཚུ་ལུ་ དཔེ་སྟོན་དང་ ལུང་ཕྱོགས་དཔལ་འབྱོར་གོང་འཕེལ་ དེ་ལས་ ལྟ་བཤལ་ནང་ ཉམས་མྱོང་ཡོད་མི་ལུ་བརྟེན་ རྫོང་ཁག་ནང་ ལྟ་བཤལ་ཚོང་འབྲེལ་གོང་འཕེལ་གཏང་ནི་ལུ་ གཙོ་རིམ་བཟུང་འོང་ཟེར་ ཁས་བླངས་འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ གསེར་ཐིག་རྒེད་འོག་ནང་ལས་ སྐྱེས་ལོ་༣༠ ལང་མི་ ཚེ་དབང་བསྟན་འཛིན་གྱིས་འབད་བ་ཅིན་ ཁོ་ར་ འདེམས་ངོ་སྦེ་ ཐོན་དགོ་མི་དེ་ཡང་ ན་གཞོན་ཚུ་ལུ་ དཔེ་སྟོན་དང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་ཀྱི་དགོངས་པ་འགྲུབ་ནི་དང་ མི་སེར་ལུ་ གདམ་ཁ་བྱིན་ནིའི་དོན་ལུ་ བཅའ་མར་གཏོགས་དོ་ཡོདཔ་ལས་ ཁོ་ལུ་ཚོགས་རྒྱན་བཙུགས་གནང་ཟེར་ཨིན་པས།
ལའུ་རི་རྒེད་འོག་ནང་ལས་ སྐྱེས་ལོ་༣༨ ལང་མི་ འཇིགས་མེད་དབང་ཕྱུག་གིས་ཡང་ འདས་པའི་ལོ་ངོ་༡༠ གྱི་རིང་ བསམ་གྲུབ་ལྗོངས་མཁར་གྱི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་སྦེ་ ཕྱག་ཞུ་ནིའི་གོ་སྐབས་ཐོབ་མི་དེ་གིས་ དམངས་གཙོའི་གཞུང་གི་ གཞི་འགྱམ་བཙུགས་ནི་ལས་འགོ་བཙུགས་ ལམ་སྲོལ་ཉམས་སྲུང་འབད་ནིའི་ འགན་ཁུར་ཚུ་འབག་སྟེ་ ཉམས་མྱོང་ཐོབ་ཡོདཔ་ལས་ ཉམས་མྱོང་ཅན་ གདམ་ཁ་རྐྱབ་དགོ་ཟེར་ སླབ་ཡོདཔ་ཨིན་པས།
མར་ཚ་ལ་རྒེད་འོག་ལས་ སྐྱེས་ལོ་༤༡ ལང་མི་ ཨོ་རྒྱན་རྡོ་རྗེ་གིས་ བཤད་མིའི་ནང་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ འདས་པའི་བཙག་འཐུ་༢ ནང་ རྫོང་ཁག་ནང་ལས་ འདེམས་ངོ་གངམ་མེད་ནི་དེ་གིས་ མི་ཚུ་ལུ་ གདམ་ཁ་བྱིན་ནིའི་དོན་ལུ་དང་ གལ་སྲིད་བཙག་འཐུ་འགྲུབ་པ་ཅིན་ ལུང་ཕྱོགས་གོང་འཕེལ་འདྲ་མཉམ་གྱི་དོན་ལུ་ ཁྲིམས་ལེགས་བཅོས་འབད་ནི་དང་ རང་མགོ་རང་འདྲོངས་ཀྱི་སྲིད་བྱུས་ལུ་ གཙོ་བོར་བཏོན་ནི་ཟེར་ཨིན་པས།
དེ་ལས་ ཝང་ཕུག་རྒེད་འོག་ནང་ལས་ སྐྱེས་ལོ་༣༦ ལང་མི་ སྐལ་བཟང་ཕུན་ཚོགས་ཀྱིས་ མི་སེར་ལུ་གདམ་ཁ་བྱིན་ནི་དང་ གཡུས་ཁར་སྡོད་དེ་ གྲོང་གསེབ་ཀྱི་གནས་སྟངས་ ཧ་གོ་མི་ལུ་བརྟེན་ ད་རེས་ འགྱུར་བགྲོད་གྱི་གནས་སྟངས་ཚུ་ ལེགས་བསྒྱུར་གྱི་དོན་ལུ་ ཁོ་བཟུམ་ཅིག་ལུ་ ཚོགས་རྒྱན་བཙུགས་པ་ཅིན་ མི་སེར་གྱི་ཞབས་ཏོག་ཞུ་བ་ ལྷོད་འོང་ཟེར་ སླབ་ཡོདཔ་ཨིན་པས།
དེ་ལས་ བསམ་གྲུབ་ལྗོངས་མཁར་ཁྲོམ་གྱི་འདེམས་ངོ་ སྐྱེས་ལོ་༤༥ ལང་མི་ སངས་རྒྱས་བསྟན་འཛིན་གྱིས་ འདས་པའི་ལོ་ངོ་༢༠ གི་རིང་ བདག་སྐྱོང་དང་ འཆར་གཞི་དང་སྲིད་བྱུས་ དེ་ལས་ བཅའ་ཁྲིམས་དང་ཁྲིམས་ལུགས་བརྩམ་ནི་དང་ བསྐྱར་ཞིབ་ལ་སོགས་པ་ཚུ་ནང་ ཉམས་མྱོང་ལུ་བརྟེན་ གཞུང་དང་མི་སེར་གྱི་བར་ན་ ཟམ་པ་བཟུམ་སྦེ་ ཁྲིམས་ལུགས་བསྐྱར་ཞིབ་འབད་ནི་དང་ རྫོང་ཁག་ནང་ ལུང་ཕྱོགས་འདྲ་མཉམ་ཐོག་ གོང་འཕེལ་གྱི་ལཱ་ཚུ་ ལྟ་རྟོག་འབད་ནི་ཟེར་ སླབ་ཡོདཔ་ཨིན་པས།
སྤྱིར་སྙོམས་འཛོམས་འདུ་ཚུ་ མཇུག་བསྡུཝ་བཞིན་དུ་ གཡུས་བཤལ་རྐྱབ་ཐོག་ལས་ སྐུལ་བསྒྲགས་ཀྱི་ལས་རིམ་ཚུ་ ཁ་ཙ་ལས་ ལོག་འགོ་བཙུགས་ཡོད་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ ཚེ་རིང་རྣམ་རྒྱལ།

 

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *