བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེའི་ ཟངས་མདོག་དཔལ་རི་ལྷ་ཁང་།

བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེའི་ ཟངས་མདོག་དཔལ་རི་ལྷ་ཁང་གི་ རྩོད་གཞི་མཐོ་གཏུགས་འབད་མི་ ཕྱིར་འབུད།

༉ མངོན་མཐོ་ཁྲིམས་འདུན་གྱིས་ ཆེ་མཐོ་ཁྲིམས་འདུན་གྱི་ གྲངས་མང་ཁྲིམས་ཁྲིའི་འཁྲུན་ཆོད་ལུ་ བསྒྱུར་ལྡོག་མེད་པར་ གཞི་འཛིན་ཐོག་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེའི་ ཟངས་མདོག་དཔལ་རི་ལྷ་ཁང་གི་ རྩོད་གཞི་མཐོ་གཏུགས་འབད་མི་དེ་ ཕྱིར་འབུད་གནང་ཡོདཔ་ཨིན་པས།

དེ་ཡང་ སྤྱི་ཟླ་༩ པའི་ཚེས་༢༠ ལུ་བཏོན་མི་ མངོན་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་དང་འཁྲིལཝ་ད་ མངོན་མཐོ་ཁྲིམས་འདུན་གྱིས་ འཁྲུན་ཆོད་བཏོན་པའི་ཉིནམ་ལས་ དུས་ཡུན་ཟླཝ་༣ གྱི་ནང་འཁོད་ རྫོང་ཁག་ཁྲིམས་འདུན་གྱིས་བཏོན་མི་ འཁྲུན་ཆོད་དེ་ བསྟར་སྤྱོད་འབད་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ཨིན་པས།

གྲངས་མང་ཁྲིམས་ཁྲི་གིས་ ཁྲོམ་སྡེ་གིས་འབད་བ་ཅིན་ རྩོད་རྩ་འཕྲིན་ལས་རྡོ་རྗེ་གིས་ ད་ལྟོ་ཚུན་ ཟངས་མདོག་དཔལ་རི་ལྷ་ཁང་དང་ རྒྱུ་དངོས་གཞན་ཚུ་ བདག་འཛིན་འཐབ་ཡོདཔ་མ་ཚད་ ཟངས་མདོག་དཔལ་རི་ལྷ་ཁང་བཞེངས་པའི་སྐབས་ འགོ་འདྲེན་པ་ ངོ་མ་ཅིག་འབདཝ་ལས་ ཁོ་ལུ་ རྒུད་འཐུས་དངུལ་ཀྲམ་༢༧,༩༨༧,༨༤༢.༡༩ སྤྲོད་དགོ་པའི་ འཁྲུན་ཆོད་བཏོན་མི་ལུ་ ཁེ་རྒུད་མ་བཏུབ་པར་ ཁྲོམ་སྡེ་གིས་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་ཞུ་འབད་ཡོདཔ་ཨིན་པས།

དེ་ལས་ འཕྲིན་ལས་རྡོ་རྗེ་གིས་འབད་རུང་ ས་དང་གཅིག་ཁར་ ཟངས་མདོག་དཔལ་རི་དང་ ཐོག་ཚད་༢ འབད་མི་ སྒྲིང་ཁྱིམ་༢ ཡང་ རྩོད་ཟླ་ཁྲོམ་སྡེ་བདག་སྐྱོང་ལུ་ རྩིས་སྤྲོད་འབད་དགོ་པའི་ འཁྲུན་ཆོད་བཏོན་ཡོདཔ་ཨིནམ་ད་ རྒུད་འཐུས་དེ་ འཕྲིན་ལས་རྡོ་རྗེ་གིས་ ཟངས་མདོག་དཔལ་རི་དང་ སྒྲིང་ཁྱིམ་༢ རྩིགཔ་དང་དཀར་མེ་ཕུལ་ས་ དེ་ལས་ ས་ཁྲལ་བཏབ་ནིའི་ ཟད་འགྲོ་བཏང་ཡོད་པའི་ ཐོབ་བརྗོད་བཀོད་མི་ལུ་བརྟེན་ཨིན་པས།

དེ་བཟུམ་སྦེ་ ཁོ་གིས་ ས་ཆ་དེ་ བདག་དབང་དང་ ལོངས་སྤྱོད་འབད་དེ་ ལོ་ལེ་ཤ་ལང་རུང་ ངོས་ལེན་མེད་པར་ ཁྲོམ་སྡེ་ལུ་ རྩིས་སྤྲོད་འབད་དགོ་པའི་ འཁྲུན་ཆོད་བཏོན་མི་ལུ་ ཁེ་རྒུད་མ་བཏུབ་མི་ལུ་བརྟེན་ ཁོ་གིས་ཡང་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་ཞུ་ཡོདཔ་ཨིན་པས།

གཞུང་ས་ཚུ་ སྒེར་མི་ཚུ་གིས་ རང་སོའི་མཐའ་དོན་ལུ་ དབང་ཚད་བཟུང་སྟེ་ བཟའ་སྤྱོད་འབད་མི་ཚུ་ལུ་ རྒུད་འཐུས་ཚུ་ཡང་ སྤྲོད་དགོ་པ་ཅིན་ ཧེ་མར་ བྱུང་སྲོལ་མེད་པའི་ལམ་ལུགས་དང་ ཁྲིམས་ལུགས་བཟུམ་ཅིག་ལུ་ འགྱུར་ནིའི་ཉེན་ཁ་ཡོད་མི་ལུ་བརྟེན་ ཁེ་རྒུད་མ་བཏུབ་ཟེར་ ཁྲོམ་སྡེའི་ཁྲིམས་དོན་འགོ་དཔོན་ ཚེ་རིང་ཆོས་འཕེལ་གྱིས་ བཤདཔ་ཨིན་པས།

ཚེ་རིང་ཆོས་འཕེལ་གྱིས་ སླབ་མིའི་ནང་ ད་ལྟོ་ཚུན་ ཟངས་མདོག་དཔལ་རི་ལྷ་ཁང་དེ་ ག་ཅི་སྦེ་ གཞུང་ལུ་ རྩིས་མ་སྤྲོདཔ་ཨིན་ན་དང་ ཟངས་མདོག་དཔལ་རི་དེ་ཡང་ མི་ཅིག་ལུ་མེན་པར་ མི་མང་ལུ་ ཕན་ཐབས་ལུ་ཨིནམ་ལས་ རྩོད་རྩ་གིས་ རྒུད་འཐུས་ཀྱི་ ཐོབ་བརྗོད་ཚུ་ ག་ཅི་སྦེ་ བཀོད་ཡོདཔ་ཨིན་ན་ ཤེས་རྟོགས་མ་བྱུང་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཁྲོམ་སྡེའི་ཁ་ཐུག་ལས་ ས་ཆའི་བདག་དབང་ གཏན་འཁེལ་བཟོ་ཐབས་ལུ་ཨིནམ་ལས་ ས་ཆ་རྩིས་ལེན་ཐབས་ལུ་མེན་པའི་ཁར་ ཁྲིམས་བསྟར་སྤྱོད་འབད་མི་ཅིག་འབདཝ་ལས་ ཁྲིམས་ཀྱི་བྱ་སྒོའི་ལམ་ལུགས་དང་འཁྲིལ་ཏེ་ འབད་ཡོདཔ་མ་གཏོགས་ ཁྲོམ་སྡེ་དེ་ རྒུད་འཐུས་སྤྲོད་མིའི་ དབང་འཛིན་ཡང་ མེན་ཟེར་ཨིན་པས།

སྤྱི་ལོ་༢༠༡༥ ལུ་ རྒྱལ་ཡོངས་ས་འཇལ་ལྷན་ཚོགས་ལས་ ཟངས་མདོག་དཔལ་རི་ལྷ་ཁང་གི་ ས་ཆ་དེ་ ཁྲོམ་སྡེ་བདག་སྐྱོང་ལུ་ རྩིས་སྤྲོད་དགོ་པའི་ ཁྱབ་བསྒྲགས་ཡི་གུ་ཐོབ་པའི་ཤུལ་ལས་ འཕྲིན་ལས་རྡོ་རྗེ་གིས་ གནད་དོན་དེ་ ཁྲིམས་ཀྱི་འདུན་སར་ བཙུགས་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོ་པའི་རྒྱབ་ཁུངས་དང་ དྲིན་ལན་འཇལ་ནིའི་ཐབས་ལམ།

༉ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་འདི་ དྲིན་ཅན་ཕ་མའི་ཉིནམ་སྦེ་ བརྩི་སྲུང་ཞུཝ་ཨིན།  དེ་སྦེ་བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོཔ་ ཁག་ཆེཝ་ཨིནམ་ ཤེས་ནིའི་དོན་ལུ་ཨིན། ཕམ་ཚུ་ལུ་ དྲིན་ལན་འཇལ་དགོ་པའི་ཁུངས་ …

Leave a Reply

Your email address will not be published. Required fields are marked *