བསམ་གྲུབ་ལྗོངས་མཁར་ཁྲོམ་ལས་ པིན་ཅི་ནང་ཞིབ་དཔྱད་སྒོ་ར་ཚུན་ མི་མང་བརྟག་དཔྱད་ཐེངས་༢ པ་ འགོ་བཙུགས་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ཁྲོམ་ཁར་ འགྲོ་འགྲུལ་བཀག་དམ་འབད་མི་དེ་ ཉེན་སྲུང་ཐོག་ ལྷོད་ཡངས་བཟོ་ནིའི་དོན་ལས་ ཁ་ཙ་ལས་ འགོ་བཙུགས་ཏེ་ གསོ་བའི་འགོ་དཔོན་ཚུ་གིས་ ཁྲོམ་ཁ་ལས་ པིན་ཅི་ནང་ཞིབ་དཔྱད་སྒོ་ར་ཚུན་ མི་མང་བརྟག་དཔྱད་ཐེངས་༢ པ་ འགོ་བཙུགས་ཡི།

མི་སྡེའི་ནང་ བརྟག་དཔྱད་འབད་ཐོག་ ཞིབ་དཔྱད་དང་ ནད་འབུབ་ཁྱབ་སྤེལ་འགྱོ་ནི་ལས་ སྔོན་འགོག་འབད་ཐབས་ལུ་ དུས་ཡུན་ཆུ་ཚོད་༧༢ ཀྱི་རིང་ འགྲོ་འགྲུལ་བཀག་དམ་འབད་བའི་སྐབས་ མི་མང་བརྟག་དཔྱད་ ཐེངས་དང་པ་དེ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

ཉིནམ་༣ གྱི་ འགྲོ་འགྲུལ་བཀག་དམ་དེ་ཡང་ སྤྱི་ཟླ་༥ པའི་ཚེས་༦ ལུ་ མི་སྡེའི་ནང་ལས་ ཀོ་བིཌ་-༡༩ ཐོབ་མི་༢ པ་ བདའ་ཟུན་པའི་ཤུལ་ལས་ འབད་ཡོདཔ་ད་ མི་མང་བརྟག་དཔྱད་སྐབས་ དཔེ་ཚད་༢,༠༢༢ དེ་ཅིག་ བསྡུ་ལེན་འབད་དེ་ བདེ་བ་ཐང་ལུ་ ཨར་ཊི་-པི་སི་ཨར་ བརྟག་དཔྱད་ཀྱི་དོན་ལུ་བཏང་མི་ག་ར་ ནད་རྟགས་མེདཔ་སྦེ་ ཐོན་ཡོདཔ་ཨིན་པས།

ཨིན་རུང་ འཕྲལ་ཁམས་ཅིག་ཁར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ བསམ་གྲུབ་ལྗོངས་མཁར་ལུ་ ཆིབས་སྐྱོད་གནང་བའི་སྐབས་ ཐུགས་ཚ་གྱང་བཞེས་ཏེ་ འགྲོ་འགྲུལ་བཀག་དམ་དེ་ ཉེན་ཁ་ག་ནི་ཡང་མེད་པར་ ཉེན་སྲུང་དང་ལྡནམ་སྦེ་ ལྷོད་ཡངས་བཟོ་ནིའི་དོན་ལུ་ ད་རུང་ མི་མང་བརྟག་དཔྱད་འབད་དགོ་པའི་ བཀག་རྒྱ་གནང་ཡི་ཟེར་ ཤར་ཕྱོགས་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གི་འཐུས་མི་ མགོན་པོ་བསྟན་འཛིན་གྱིས་ བཤདཔ་ཨིན་པས།

མི་མང་བརྟག་དཔྱད་༢ པའི་སྐབས་ བརྟག་དཔྱད་འབད་དགོཔ་ཡོད་མི་ བཟའ་ཚང་གི་ འཐུས་མི་ཕུད་རྡོག་ཅིག་ཡང་མ་བཞག་པར་ བརྟག་དཔྱད་འབད་ནི་ཟེར་ཨིནམ་ད་ བརྟག་དཔྱད་དེ་ཡང་ བཟའ་ཚང་ནང་གི་འཐུས་མི་ ཨ་རྟག་ར་ འགྲོ་འགྲུལ་འཐབ་མི་དང་ ནད་གཞི་ཡོད་མི་ དེ་ལས་ ཀི་བིཌ་-༡༩ འི་ སྨན་ཁབ་མ་བཙུགས་མི་ སྡེ་ཚན་༣ ལུ་ གཞི་བཞག་ཐོག་ བརྟག་དཔྱད་འབད་ནི་ཨིན་པས།

མགོན་པོ་བསྟན་འཛིན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ མི་མང་བརྟག་དཔྱད་དང་པའི་སྐབས་ ཁྱིམ་དང་པ་རེ་ལས་ འཐུས་མི་༡ དང་༢ རྐྱངམ་གཅིག་མ་གཏོགས་ དཔེ་ཚད་བསྡུ་ལེན་འབད་ཐོག་ བརྟག་དཔྱད་མ་འབད་མི་ལུ་བརྟེན་ མཐིལ་ཕྱིན་སྦེ་ འབད་མ་ཚུགས་པས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ མི་མང་བརྟག་དཔྱད་༢ པའི་སྐབས་ བཟའ་ཚང་ཚུ་ནང་ལས་ སྡེ་ཚན་༣ གྱི་ འོག་ལུ་ཚད་མི་ འཐུས་མི་ག་ར་ ངེས་པར་དུ་ བརྟག་དཔྱད་འབད་དགོ་ཟེར་ཨིནམ་ད་ བསམ་གྲུབ་ལྗོངས་མཁར་ཁྲོམ་ལས་ པིན་ཅི་ནང་ཞིབ་དཔྱད་སྒོ་ར་ཚུན་ འགྲོ་འགྲུལ་བཀག་དམ་ ལྷད་ཡངས་བཟོ་ནི་དེ་ མི་མང་བརྟག་དཔྱད་༢ པའི་ གྲུབ་འབྲས་ཚུ་ལུ་ རག་ལས་འོང་ཟེར་ཨིན་པས།

འགྲོ་འགྲུལ་བཀག་དམ་ ལྷོད་ཡངས་མ་བཟོ་བའི་ཧེ་མར་ མི་སྡེའི་ནང་ ནད་འབུབ་ལུས་མི་བཅུག་ནིའི་དོན་ལུ་ གསོ་བའི་འགོ་དཔོན་ཚུ་གིས་ སྡེ་ཚན་༣ གྱི་འོག་ལུ་ཚུད་མི་ བཟའ་ཚང་གི་ འཐུས་མི་ཅིག་ཡང་ བཀོག་མ་བཞག་པར་ བརྟག་དཔྱད་འབད་ནི་ཟེར་ མགོན་པོ་བསྟན་འཛིན་གྱིས་ བཤདཔ་ཨིན་པས།

སྤྱྲི་ཟླ་༤ པའི་ཚེས་༢༦ ལས་ ད་ལྟོན་ཚུན་ མི་སྡེའི་ནང་ལས་ ཀོ་བིཌ་-༡༩ ཐོབ་མི་༢ བརྩིས་ཏེ་ བསམ་གྲུབ་ལྗོངས་མཁར་ལུ་ ཀོ་བིཌ་-༡༩ ཐོབ་མི་༢༠ དེ་ཅིག་ བདའ་ཟུན་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *