བསམ་གྲུབ་ལྗོངས་མཁར་ཁྲོམ་ཁའི་ འགྲོ་འགྲུལ་བཀག་དམ་ ད་རུང་ ཕར་འགྱངས་འབད་ཡོདཔ།

༉ སྤྱི་ཟླ་༥ པའི་ཚེས་༦ ལུ་ བསམ་གྲུབ་ལྗོངས་མཁར་གྱི་ ཁྲིམས་སྲུང་འགག་སྡེའི་ ཡིག་ཚང་ས་ཁོངས་ནང་ལས་ ནད་ཡམས་ཀོ་བིཌ་-༡༩ ཐོབ་ཡོད་མི་ཚུ་གི་ ཐད་ཀར་འབྲེལ་བ་ཡོད་མི་དང་མེད་མི་ ལེ་ཤ་ཐོན་དོ་ཡོད་མི་ལུ་བརྟེན་ བསམ་གྲུབ་ལྗོངས་མཁར་ཁྲོམ་ཁའི་ འགྲོ་འགྲུལ་བཀག་དམ་དེ་ ད་རུང་ ཕར་འགྱངས་འབད་ཡི།

སྤྱི་ཟླ་༥ པའི་ཚེས་༣ ལུ་ ཁྲིམས་སྲུང་འགག་སྡེའི་ སྡོད་ཁྱིམ་ས་ཁོངས་ནང་ལས་ སྐྱེས་ལོ་༣༦ ལང་མི་ ཨམ་སྲུ་ཅིག་ལུ་ མི་སྡེ་ནང་ལས་ ཀོ་བིཌ་-༡༩ ཐོབ་ཡོདཔ་སྦེ་ བདའ་ཟུན་ཡོདཔ་བཞིན་དུ་ ད་རུང་ འགག་སྡེའི་ཡིག་ཚང་ས་ཁོངས་ནང་ལས་ སྐྱེས་ལོ་༢༦ ལང་མི་ ཁྲིམས་སྲུང་འགག་པ་ཅིག་ལུ་ མི་སྡེའི་ནང་ ཀོ་བིཌ་-༡༩ ཐོབ་ཡོདཔ་སྦེ་ བདའ་ཟུན་ཡོདཔ་ཨིན་པས།

བསམ་གྲུབ་ལྗོངས་མཁར་རྫོང་ཁག་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ ནད་འབུབ་དེ་ ག་ཏེ་ལས་ ཐོབ་ཡོདཔ་ཨིན་ན་དང་ མི་སྡེའི་ནང་ ནད་འབུབ་ཁྱབ་སྤེལ་འགྱོ་ནི་ལས་ སྔོན་འགོག་འབད་ནིའི་དོན་ལུ་ སྤྱི་ཚེས་༧ ལས་ ཉིནམ་༣ གྱི་རིང་ འགྲོ་འགྲུལ་བཀག་དམ་འབད་ཡོདཔ་བཞིན་དུ་ ཉིནམ་༥ འི་རིང་ ཁྲོམ་སྡེའི་ནང་ བརྟག་དཔྱད་སྐབས་ དཔེ་ཚད་༢,༠༢༢ དེ་ཅིག་ལུ་ བརྟག་དཔྱད་འབད་ཡོདཔ་ཨིན་པས།

སྤྱི་ཚེས་༨ ལུ་ ད་རུང་ ཁྲིམས་སྲུང་འགག་པ་ཅིག་ལུ་ ཀོ་བིཌ་-༡༩ ཐོབ་ཡོདཔ་སྦེ་ བདའ་ཟུན་ཡོདཔ་ད་ ཁྲིམས་སྲུང་འགག་པ་དེ་ སྐྱེས་ལོ་༢༦ ལང་མི་ ཁྲིམས་སྲུང་འགག་པ་དང་ ཐད་ཀར་འབྲེལ་བ་ཡོད་མི་ཨིནམ་ད་ འགག་སྡེའི་སྡོད་ཁྱིམ་ས་ཁོངས་ནང་ལས་ ཨམ་སྲུ་ཅིག་ལུ་ ཀོ་བིཌ་-༡༩ ཐོབ་ཡོདཔ་སྦེ་ བདའ་ཟུན་པའི་ཤུལ་ལུ་ ཁོང་ཆ་ཁྱབ་ འགག་སྡེའི་ཡིག་ཚང་ས་ཁོངས་ནང་ སྡོད་ཡོདཔ་ལས་ ཡིག་ཚང་དེ་ཡང་ སྒོ་བསྡམས་ཡོདཔ་ཨིན་པས།

གསོ་བའི་འགོ་དཔོན་ཚུ་གིས་ ཁྲིམས་སྲུང་འགག་པ་དེ་དང་ ཐད་ཀར་འབྲེལ་བ་ཡོད་མི་༡༡ དང་ ཐད་ཀར་མེན་པའི་འབྲེལ་བ་ཡོད་མི་༡༡༣ དེ་ཅིག་ ཞིབ་འཚོལ་འབད་ཡོདཔ་བཞིན་དུ་ ཐད་ཀར་འབྲེལ་བ་མེད་མི་ ཟུར་བཞག་ལྟེ་བ་དང་ ཐད་ཀར་འབྲེལ་བ་མེད་མི་ཚུ་ ཁྱིམ་ནང་ ཟུར་བཞག་འབད་བཅུག་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ སྤྱི་ཚེས་༩ ལུ་ སྐྱེས་ལོ་༣༦ ལང་མི་ ཨམ་སྲུ་དང་གཅིག་ཁར་ ཐད་ཀར་འབྲེལ་བ་ཡོད་མི་ མོ་གི་རྨགཔ་དང་ བུམོ་༢ ཡང་ ཀོ་བིཌ་-༡༩ ཐོབ་ཡོདཔ་ད་ རྨགཔ་དེ་ སྤྱི་ཟླ་༤ པའི་ཚེས་༧ ལུ་ ཕུན་ཚོགས་གླིང་ལུ་ སྣུམ་འཁོར་བཅོ་ཁ་རྐྱབ་པར་ སོང་ཞིནམ་ལས་ སྤྱི་ཚེས་༡༢ ལུ་ འོང་ཡོདཔ་བཞིན་དུ་ སྤྱི་ཚེས་༡༨ ལུ་ ཨར་ཊི་-པི་སི་ཨར་བརྟག་དཔྱད་འབདཝ་ད་ ནད་རྟགས་མེདཔ་སྦེ་ཐོནམ་ལས་ སྒྲིག་གཡོག་ནང་ སོང་ཡོདཔ་ཨིན་པས།

ཨམ་སྲུ་དེ་གི་ བུམོ་དེ་ བསམ་གྲུབ་ལྗོངས་མཁར་འབྲིང་རིམ་སློབ་བར་མའི་ནང་ སློབ་རིམ་༧ པའི་ནང་ དཔེ་ཆ་ལྷབ་དོ་ཡོད་རུང་ སྤྱི་ཟླ་༤ པའི་ཚེས་༢༩ ལས་ར་ སློབ་གྲྭ་ནང་མ་འགྱོཝ་ལས་ སློབ་རིམ་༧ པའི་ སློབ་ཕྲུག་༢༣ དང་ སློབ་དཔོན་༦ དེ་ཅིག་ ཁྱིམ་ནང་ ཟུར་བཞག་འབད་བཅུག་ཡོདཔ་ཨིན་པས།

འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཐད་ཀར་འབྲེལ་བ་ཡོད་མི་ཚུ་ ཟུར་བཞག་ལྟེ་བ་དང་ ཐད་ཀར་འབྲེལ་བ་མེད་མི་ཚུ་ ཁྱིམ་ནང་ ཟུར་བཞག་འབད་བཅུག་ཡོད་རུང་ སློབ་ཕྲུག་མང་ཤོས་ཅིག་ར་ ཐད་ཀར་འབྲེལ་བ་ཡོདཔ་སྦེ་ ངོས་འཛིན་འབད་ཡོདཔ་ལས་ དེ་འཕྲོ་ལས་ འགྲོ་འགྲུལ་ཡངས་ཆག་ མི་གཏང་ཟེར་ཨིན་པས།

དེ་ལས་ ལས་བྱེད་ཚོགས་ཆུང་གིས་ འགྲོ་འགྲུལ་བཀག་དམ་སྐབས་ ཚོད་བསྲེ་དང་ མཁོ་ཆེ་བའི་ཅ་ཆས་ཚུ་ སྐྱེལ་སྤྲོད་འབད་མི་ ཚོང་ཁང་ཚུ་ ངོས་འཛིན་འབད་ཡོདཔ་ལས་ མི་ཚུ་གིས་ དྲོ་པའི་ཆུ་ཚོད་༧ ལས་༡༢ ཚུན་ མཁོ་མངགས་འབད་དགོཔ་ད་ ཉིན་མའི་ཆུ་ཚོད་༡ ལས་༧ ཚུན་ ཚོང་པ་ཚུ་གིས་ ཅ་ཆས་ཚུ་ སྐྱེལ་སྤྲོད་འབད་ནི་ཨིན་པས།

གསལ་བསྒྲགས་འབད་མི་དང་འཁྲིལཝ་ད་ ཞབས་ཏོག་སྤྲོད་མི་ཚུ་གིས་ ཁ་རས་ལག་ལེན་འཐབ་ནི་དང་ ལག་འཁྱུ་ནི་ ས་སྟོང་བཞག་ནི་ དེ་ལས་ ཅ་ཆས་ཚུ་ སྐྱེལ་སྤྲོད་འབད་བའི་སྐབས་ ཨེམ་བོབ་ལ་སོགས་པ་ཚུ་ ལག་ལེན་འཐབ་སྟེ་ ཀོ་བིཌ་-༡༩ འི་ སྒྲིག་གཞི་ཚུ་ དམ་དམ་སྦེ་ ལག་ལེན་འཐབ་དགོ་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *