ད་ལས་ཕར་ ལག་ལེན་འཐབ་ནི་ཨིན་མི་ དོག་མ་ཤིང་གི་ པགས་ཀོ་ལས་བཟོ་མི་ ཐ་ལི་དང་ཕོརཔ་ཚུ།

བསམ་གྲུབ་ལྗོངས་མཁར་ཁྲོམ་ནང་ གྱིབ་ཤོག་གི་ ཕྱགས་སྙིགས་མེདཔ་བཟོ་ནིའི་ཐབས་ལམ།

༉ ད་ལས་ཕར་ བསམ་གྲུབ་ལྗོངས་མཁར་ཁྲོམ་ཁར་ གྱིབ་ཤོག་དང་ ཆུ་ཤོག་གི་ ཕྱགས་སྙིགས་ཚུ་ མཐོང་གསལ་མི་འབྱུང་ནི་ཨིན་པས།
དེ་ཡང་ ཁ་ཙ་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་དང་ ལུང་ཕྱོགས་ཡིག་ཚང་ཚུ་གི་བར་ན་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོད་མི་དང་བསྟུན་ ཁྲོམ་སྡེ་གིས་ ཆུ་ཤོག་གི་རིགས་ ལག་ལེན་འཐབ་མི་བཅུག་ནི་ཨིན་པས།
གོ་བརྡའི་ཆིངས་ཡིག་དེ་ཡང་ ན་ཧིང་ སྤྱི་ཟླ་༥ པའི་ཚེས་༡༥ ལུ་ ནང་འཁོད་མཐུན་འབྲེལ་ཞལ་འཛོམས་ འཚོགས་པའི་སྐབས་ ལུང་ཕྱོགས་ཡིག་ཚང་ག་ར་གིས་ གཞུང་འབྲེལ་ཞལ་འཛོམས་དང་ འཛོམས་འདུ་ཚུ་གི་སྐབས་ གྱིབ་ཤོག་དང་ ཆུ་ཤོག་གི་ ཐ་ལི་དང་ ཕོརཔ་ལ་སོགས་པ་ཚུ་ ལག་ལེན་མི་འཐབ་ནི་སྦེ་ ཁས་ལེན་འབད་མི་དང་འཁྲིལ་བཟོ་ནུག།
ཁྲོམ་དཔོན་ཀརྨ་ཤེས་རབ་སྟོབས་རྒྱལ་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཁྲོམ་སྡེ་ཚོགས་སྡེ་གིས་ ཚོང་ཁང་དང་ ཚོད་བསྲེ་ཁྲོམ་ཚུ་ནང་ ཆུ་ཤོག་བཙོང་ནི་ བཀག་དམ་འབད་ཡོདཔ་ཨིན་རུང་ ལྟ་རྟོག་འབད་ནི་ལུ་ ལཱ་ཁག་འདུག་ཟེར་ཨིནམ་ད་ ཚོང་ཉོ་བར་འགྱོ་མི་ཚུ་གིས་ རང་སོའི་ཕད་ཙེ་ཚུ་ འབག་དགོ་ཟེར་ཨིན་པས།
ཁྲོམ་དཔོན་གྱིས་ སླབ་མིའི་ནང་ ཆིངས་ཡིག་གུ་ མིང་རྟགས་བཀོད་མི་དེ་གིས་ ཞལ་འཛོམས་ཚུ་གི་སྐབས་ ཆུ་ཤོག་གི་ ཐ་ལི་དང་ ཕོརཔ་ལག་ལེན་ཚུ་ བཀག་འཛིན་འབད་ཚུགས་ནི་དང་ མཐའན་མཇུག་ལུ་ བསམ་གྲུབ་ལྗོངས་མཁར་དེ་ རྒྱལ་ཁབ་ནང་ ཆུ་ཤོག་གི་ ཕྱགས་སྙིགས་མེད་པའི་ ཁྲོམ་དང་པ་བཟོ་ནི་གི་ དམིགས་ཡུལ་ཨིན་ཟེར་ཨིན་པས།
ཆིངས་ཡིག་དེ་ ཆུ་ཤོག་གི་ ཕྱགས་སྙིགས་དང་ ཕྱགས་སྙིགས་འཐོན་ས་ཚུ་ མར་ཕབ་འབད་ཐོག་ལས་ རང་བཞིན་གནས་སྟངས་སྲུང་སྐྱོབ་འབད་ནིའི་ གཅིག་མཐུན་གྱི་ དམིགས་ཡུལ་འགྲུབ་ཐབས་ཀྱི་ ཁས་ལེན་བཟུམ་ཅིག་ཨིན་པས།
ཁྲོམ་དཔོན་གྱིས་འབད་བ་ཅིན་ ཆུ་ཤོག་ལག་ལེན་དང་ བཙོང་ནི་ཚུ་ བཀག་དམ་འབད་ཚུགས་ནི་ཨིན་རུང་ མི་ཚུ་གིས་ ཕྱགས་སྙིགས་འཛིན་སྐྱོང་ལུ་ ཚ་གྱང་མི་ལང་དོ་ཡོདཔ་ལས་ འབྲེལ་ཡོད་ལས་སྡེ་ག་ར་གིས་ རྒྱབ་སྐྱོར་དང་ ཚོང་པ་ཚུ་གིས་ ཚོགས་ཆུང་དང་ ཡང་ཅིན་ སྡེ་ཚན་བཟོ་སྟེ་ ཁོང་ལུ་ ཆུ་ཤོག་གི་ ཅ་ཆས་ཚུ་ བཙོང་མ་ཆོག་པའི་ གོ་བརྡ་སྤྲོད་དགོ་ཟེར་ཨིན་པས།
ཁྲོམ་སྡེ་གིས་ བསམ་གྲུབ་ལྗོངས་མཁར་བརྩོན་ཤུགས་དང་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ་ད་ བརྩོན་ཤུགས་ཀྱི་ ལས་རིམ་མདོ་ཆེན་ ཆོས་སྐུ་རྡོ་རྗེ་གིས་ སླབ་མིའི་ནང་ ཆུ་ཤོག་གི་ ཐ་ལི་དང་ ཕོརཔ་ཚུ་གི་ཚབ་སྦེ་ རང་བཞིན་གནས་སྟངས་དང་མཐུན་པའི་ཐོན་སྐྱེད་ དོག་མ་ཤིང་གི་ པགས་ཀོ་ལག་ལེན་འཐབ་སྟེ་བཟོ་མི་ ཐ་ལི་དང་ ཕོརཔ་ཚུ་ ལག་ལེན་འཐབ་ནི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དོག་མ་ཤིང་གི་ པགས་ཀོ་ལས་བཟོ་མི་ ཐ་ལི་དང་ཕོརཔ་ཚུ་ བསམ་གྲུབ་ཆོས་གླིང་དྲུང་ཁག་ པདྨ་ཐང་དང་ དགེ་ལེགས་ཕུག་ལས་ བཀྲམ་སྤེལ་འབད་ནི་དང་ མ་ལང་པ་ཅིན་ རྒྱ་གར་ལས་ ནང་འདྲེན་འབད་དེ་ གོང་ཚད་ཉུང་ཤོས་ཀྱི་ཐོག་ལས་ བཙོང་ནི་ཟེར་ཨིན་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

 

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *