བསམ་གྲུབ་ཆོས་གླིང་ལུ་ ཕྱགས་སྙིགས་བཀོ་ས་མེད་པའི་དཀའ་ངལ།

༉ བསམ་གྲུབ་ཆོས་གླིང་དྲུང་ཁག་ནང་ ཕྱགས་སྙིགས་འཛིན་སྐྱོང་གི་ ལམ་ལུགས་ལུ་ གཙོ་རིམ་བཟུང་དོ་ཡོད་རུང་ ཕྱགས་སྙིགས་བཀོ་སའི་ ས་ཁོངས་ལེགས་ཤོམ་ཅིག་མེདཔ་ཨིན་པས།
གཙང་ཆུ་ཐང་ལས་ ཐུགས་རྟེན་བཀྲིས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ཁྱིམ་ནང་ བདུན་རིམ་བཞིན་དུ་ ཕྱགས་སྙིགས་ལེ་ཤ་ ཐོནམ་ད་ བཀོ་སའི་ས་ཁོངས་མེདཔ་ལས་ འཕྲལ་འཕྲལ་ར་ བསམ་གྲུབ་ལྗོངས་མཁར་ལུ་ འགྱོ་བའི་སྐབས་ འབག་འགྱོ་ནི་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཕྱགས་སྙིགས་ཚུ་ ཕད་ཙེའི་ནང་འདེགས་ཏེ་ བསྡམས་བཞག་དོ་ཟེར་ཨིནམ་ད་ བསམ་གྲུབ་ཆོས་གླིང་དེ་ ཚ་དྲོད་ཅན་གྱི་ ས་ཁོངས་ཅིག་འབདཝ་ལས་ ཕྱགས་སྙིགས་ཚུ་ལས་ དྲིམ་མནམ་མི་ལུ་བརྟེན་ ཁྱིམ་ནང་སྡོད་མི་ཚུགས་པའི་ཁར་ གཙང་སྦྲ་འཕྲོད་བསྟེན་གྱི་ དཀའ་ངལ་ཡང་ འཐོན་ནི་གི་ ཉེན་ཁ་འདུག་ཟེར་ཨིན་པས།
ཚོང་པ་ཀརྨ་དཔལ་འབྱོར་གྱིས་ སླབ་མིའི་ནང་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་བཞག་མི་ཚུ་ལས་ ཤོག་གུ་དང་ གྱིབ་ཀྱི་རིགས་ཚུ་ འཕྲལ་འཕྲལ་ར་ མེ་གཏང་ནི་ཡོདཔ་ཨིན་རུང་ དམ་སྦྱིས་ཀྱི་རིགས་ཚུ་ བཙོང་དོ་ཡོདཔ་མ་ཚད་ ལ་ལོ་ཅིག་ གཞན་ལུ་བྱིན་དོ་ཟེར་ཨིན་པས།
ཚོང་པ་གཞན་ཚུ་གིས་འབད་བ་ཅིན་ དྲུང་ཁག་ནང་ ཕྱགས་སྙིགས་བཀོ་སའི་ ས་ཁོངས་རྐྱངམ་གཅིག་མེན་པར་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་མི་ སྣུམ་འཁོར་ཡང་མེདཔ་ལས་ དྲུང་ཁག་ལུ་ སྙན་ཞུ་འབད་ཡི་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ ཟླཝ་དག་པ་ཅིག་གི་ཧེ་མ་ རྫོང་ཁག་ལས་ དྲུང་ཁག་ནང་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་ནིའི་དོན་ལུ་ སྣུམ་འཁོར་ཊེག་ཊར་༡ ལྷོད་ཡོདཔ་མ་ཚད་ ཕྱགས་སྙིགས་བཀོ་སའི་ ས་ཁོངས་ཡང་ ངོས་འཛིན་འབད་ཡོདཔ་ལས་ ཕན་ཐོགས་འབྱུང་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
དྲུང་པ་བློ་བཟང་རྡོ་རྗེ་གིས་ སླབ་མིའི་ནང་ གནད་དོན་དེ་གི་སྐོར་ལས་ ཚོང་པ་ཚུ་གིས་ ཡིག་ཐོག་གི་ སྙན་ཞུ་མ་འབད་རུང་ ངག་ཐོག་ལུ་ སྙན་ཞུ་འབད་ཡོདཔ་ལས་ དྲུང་ཁག་གིས་ གནས་སྐབས་ཀྱི་དོན་ལུ་ གཙང་ཆུ་ཐང་ལུ་ ཕྱག་སྙིགས་བཀོ་སའི་ ས་ཁོངས་ཅིག་ ངོས་འཛིན་འབད་དེ་ཡོད་ཟེར་ཨིན་པས།
དྲུང་པ་གིས་འབད་བ་ཅིན་ མ་འོངས་པར་ ཕྱགས་སྙིགས་བཀོག་སའི་ གཏན་འཇགས་ཀྱི་ ས་ཁོངས་བཟོ་ནིའི་དོན་ལུ་ ས་ཆ་ཨེ་ཀར་སྦེ་ དགོ་ནི་ཨིན་རུང་ ད་ལྟོ་ གནས་སྐབས་ཅིག་གི་དོན་ལས་ དྲུང་ཁག་དང་ ཚོང་པ་ཚུ་ མཉམ་འབྲེལ་ཐོག་ལས་ ས་ཁོངས་ངོས་འཛིན་འབད་མི་དེ་གིས་ དཀའ་ངལ་སེལ་ཚུགས་ཟེར་ཨིན་པས།
དེ་མ་ཚད་ རྫོང་ཁག་ལས་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་ནིའི་དོན་ལུ་ ཊེག་ཊར་༡ ལྷོད་དེ་ཡོདཔ་ལས་ ཚོང་པ་ཚུ་ལུ་ རྐྱངམ་གཅིག་མེན་པར་ སྤྱིར་བཏང་དྲུང་ཁག་ནང་སྡོད་མི་ ག་ར་ལུ་ ཕན་ཐོགས་འབྱུང་ཚུགས་ཟེར་ བློ་བཟང་རྡོ་རྗེ་གིས་ བཤདཔ་ཨིན་པའི་གནས་ཚུལ།

བསམ་གྲུབ་ཆོས་གླིང་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

ཆུའི་གཙོ་རིམ་ལས་འགུལ་ལུ་བརྟེན་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ བུམ་ཐང་ ཨུ་ར་རྒེད་འོག་ སྟངས་སི་སྦིས་སྤྱི་འོག་གི་ མི་སེར་ཚུ་ ཟླཝ་༣ གྱི་རྒྱབ་ལས་ ཨ་རྟག་བཟུམ་སྦེ་ ཆུའི་དཀའ་ངལ་མི་འབྱུང་ནི་ཨིན་མི་དེ་ཡང་ ཆུའི་གཙོ་རིམ་ལས་འགུལ་འོག་ གཞུང་དང་བདེ་སྲུང་མཉམ་འབྲེལ་ཐོག་ ཞིང་ཆུ་དང་འཐུང་ཆུའི་ལས་འགུལ་ འགོ་བཙུགས་ནི་དེ་གིས་ཨིན་པས། ཁ་ཙ་ ལས་འགུལ་གྱི་ …

Leave a Reply

Your email address will not be published. Required fields are marked *